ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

        2023-03-09

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། 

བསམ་བློའི་ངོས་འཛིན་གཅིག་གྱུར་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བཅས་བྱས་ནས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་པའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    སྤྱི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏང་རྒྱུ་ནི་ཏང་ཀྲུང་དབྱང་གིས་སྟོབས་ཆེའི་རྒྱལ་ཁབ་དང་སྟོབས་ཆེའི་དམག་དཔུང་ལ་དམ་འཛིན་བྱེད་པའི་མདུན་དུ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཡིན་ཞིང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་དཔལ་འབྱོར་འཛུགས་སྐྱོང་དང་རྒྱལ་སྲུང་འཛུགས་སྐྲུན་ལ་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་བྱེད་པར་དམིགས་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད།  བཀོད་སྒྲིག་དེ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།  དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པ། རང་དམག་འདི་ཉིད་འཛམ་གླིང་གི་རྩེར་སོན་དམག་དཔུང་ལ་གང་མགྱོགས་འཛུགས་སྐྱོང་བྱ་རྒྱུ་བཅས་ཚང་མར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ།  ལས་དོན་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་པའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། 

     གྲོས་ཚོགས་ཐོག། དམག་ཨུའི་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་ནས་ཕེབས་པའི་འཐུས་མི་ལིའུ་ཙེ་ཅིན་དང་། དམག་ཨུའི་སྒྲིག་ཆས་གོང་འཕེལ་པུའུ་ནས་ཕེབས་པའི་འཐུས་མི་རའོ་ཝུན་རྨིན། རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་ནས་ཕེབས་པའི་འཐུས་མི་ཝང་ཧུང་ཡུས། མཉམ་འབྲེལ་ལས་སྒྲུབ་འགན་སྲུང་དཔུང་སྡེ་ནས་ཕེབས་པའི་འཐུས་མི་ཐང་ལིན་ཧུའེ། སྐམ་དམག་ནས་ཕེབས་པའི་འཐུས་མི་ཝན་ཅིང་ཡང་། མཚོ་དམག་ནས་ཕེབས་པའི་འཐུས་མི་ཝང་ཡ་རུའུ་བཅས་ཀྱིས་རིམ་པ་བཞིན་གཏམ་བཤད་སྤེལ་བ་དང་། རྒྱལ་ཁབ་ཚོད་ལྟ་ཁང་འཛུགས་སྐྲུན་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ནུས་པ་འཛུགས་སྐྲུན། གལ་ཆེའི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན། རྒྱལ་ཁབ་ཀྱི་གསོག་འཇོག་འཛུགས་སྐྲུན། མཐའ་མཚམས་མཚོ་སྲུང་ལས་དོན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་སོགས་ཀྱི་གནད་དོན་སྐོར་ལ་བསམ་འཆར་དང་གྲོས་མགོ་བཏོན་ཡོད། ཞི་ཅིན་ཕིང་གིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་ངང་གསན་པར་མ་ཟད། ཁོང་ཚོ་དང་བགྲོ་གླེང་ཡང་གནང་ཡོད། འཐུས་མི6གིས་གཏམ་བཤད་གནང་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། གཙོ་གནད་ཐོག་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏང་རྒྱུར་དམིགས་ཏེ་བླང་བྱ་བཏོན་གནང་ཡོད།

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བའི་འགག་རྩ་ནི་གཞི་གཅིག་ཅན་གྱི་ཐད་འབད་བརྩོན་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་པ་ཆེ་ཤོས་མངོན་འགྱུར་ཡོང་བ་བྱ་དགོས་པ་དེ་ཡིན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་འཐབ་ཇུས་བཀོད་སྒྲིག་གཞི་གཅིག་མཉམ་འདྲེས་དང་འཐབ་ཇུས་ཐོན་ཁུངས་གཞི་གཅིག་སྡེབ་སྒྲིག། འཐབ་ཇུས་སྟོབས་ཤུགས་གཞི་གཅིག་བཀོལ་སྤྱོད་བཅས་ལ་ཤུགས་བསྣན་ནས། རང་རྒྱལ་གྱིས་འཐབ་ཇུས་ཀྱི་ཉེན་ཁར་ཁ་གཏད་གཅོག་པ་དང་། འཐབ་ཇུས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བཅས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏང་དགོས།     

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏང་རྒྱུ་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། གནས་བབ་ཧྲིལ་པོར་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། གཙོ་གནད་ཚད་བརྒལ་ལ་བརྟེན་ནས་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་མཐུན་སྦྱོར་གསར་གཏོད་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ནས། རང་བརྟེན་གསར་གཏོད་དང་ཐོག་མའི་གསར་གཏོད་ལ་ཤུགས་བསྣན་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ལ་སྐུལ་འདེད་མགྱོགས་པོ་གཏང་དགོས། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་གང་མགྱོགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་བཟང་ཆ་གསར་པ་ཐོབ་ཐབས་བྱ་དགོས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཞབས་ཞུའི་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་འཐབ་ལས་རྣམ་པར་རྒྱལ་བའི་སྟོན་ཕྱོགས་ལ་ཤུགས་བསྣན་པ་དང་། མ་ལག་གི་བཀོད་པ་ལེགས་སུ་གཏོང་བ། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉེན་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་ཤུགས་བསྣན་པ་དང་། རྩིས་ཁྲ་ཆེན་པོ་དང་། ཕྱོགས་བསྡུས་རྩིས་ཁྲ། ཕུགས་ཀྱི་རྩིས་ཁྲ་བཅས་བཟོ་མཁས་པོ་བྱས་ཏེ། མཉམ་སྐྲུན་དང་མཉམ་སྤྱོད་མཉམ་རོལ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏང་དགོས། རྒྱལ་ཁབ་ཆེན་པོའི་གསོག་འཇོག་མ་ལག་གང་མགྱོགས་བཙུགས་ནས། རྒྱལ་ཁབ་ཀྱི་གསོག་འཇོག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏང་དགོས།      

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བར། ངེས་པར་དུ་བསྒྱུར་བཅོས་གསར་གཏོད་ཀྱི་སྒུལ་ཤུགས་ཡོད་དགོས། ལོ་འདི་དག་ནང་། འབྲེལ་ཡོད་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་། འབྲེལ་ཡོད་བསྒྱུར་བཅོས་གལ་ཆེན་ལ་གཞོགས་འདེགས་ཀྱིས་སྐུལ་འདེད་བཏང་བས་གྲུབ་འབྲས་གལ་ཆེན་མི་ཉུང་བ་ཐོབ་ཡོད། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་དང་། སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་དེ་ལེགས་སུ་གཏོང་བ། སྲིད་ཇུས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རང་འགན་རང་འཁུར་དང་། མཐུན་སྦྱོར་དམ་ཟབ། ཚད་ལྡན་དང་གོ་རིམ་ལྡན་པ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པ་བཅས་བྱས་ཐོག། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་པར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།

     ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ80འཁོར་བའི་ལོ་ཞིག་རེད། སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏང་དགོས་པ་དང་། དུས་རབས་གསར་པའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་ལ་སྲུང་སྐྱོབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཐོག། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་ཆེད་དང་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གཅིག་སྡུད་བྱ་དགོས།

    གྲོས་ཚོགས་མ་འཚོགས་གོང་། ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཏུང་། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལི་ཧྲང་ཧྥུ། ལིའུ་ཀྲེན་ལི། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་གྲོས་ཚོགས་སུ་ཞུགས་ཡོད།


ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས2པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།