བློ་མ་བགྲེས་པའི་བུད་མེད་ཅིག།

ཁངས་མ།        2023-03-08

རྒྱང་རིང་རི་ལུང་སྟོང་གི་ཕར་ཕྱོགས་ནས།།

སྙན་ངག་འཇེབས་པའི་རོལ་མོ་འཁྲོལ་བའི་ཁྱོད།།

མཉམ་དུ་འདྲིས་གོམས་མེད་ཀྱང་ཞེ་འཕྲོག་པའི།།

ངག་གི་གཙང་པོའི་རྡུལ་ཕྲན་རེ་རེ་ལ།།

བདག་ནི་དུང་བ་ཉེ་བའི་གྲལ་འཛིན་ཡིན།།

ཁྱོད་ཀྱི་མགྲིན་སྤྱོད་ཡངས་པའི་མཛེས་ཚལ་དུ།།

ལྷག་པར་བཞད་པ་སྐྱེས་སྨན་ཨུཏྤལ་དཀར།།

བཙན་དབང་སད་ཀྱིས་བཅོམ་པ་མཐོང་བ་ལ།།

མིག་ཟུང་གཞན་ལ་གཡར་བའི་རིགས་མིན་པའི།།

གང་ཐུབ་ལག་པས་བསྐྱོར་བའི་རྩིས་ཐང་ཅན།།

མཆོག་མའི་ཤེས་རབ་རྫིང་བུ་མ་ཉོག་ཅིང་།།

རབ་མཛེས་དབྱངས་ཀྱི་གཙང་བོ་ཁྱོད་ལ་སིམ།།

ཁྱོད་ཉིད་འཇིག་རྟེན་འདི་ཡི་གྲུ་ཁ་ནས།།

ལྟ་ངན་འདམ་མྱགས་གང་གིས་མ་སྦག་པའི།།

མཛེས་པའི་དཔེ་རུ་ཆོག་པའི་སྐྱེས་མ་ཞིག།

ཁྱོད་ཀྱི་ཐོད་པའི་ནམ་མཁའ་ལེབ་མོའི་མཐོངས།།

སྐར་ཚོགས་ཡོད་མེད་རྒྱུས་མངའ་བདག་ལ་མེད།།

འོན་ཏེ་ཁྱོད་ཀྱིས་བཞེངས་པའི་ཡིག་ཚོགས་ཀྱི།།

ནམ་མཁའ་དེ་རུ་བསྟིམས་པའི་སྐར་ཚོགས་ལ།།

ནང་སེམས་རབ་ཏུ་འཕྲོག་པའི་མཛེས་རྩལ་འདུག།



  • ལེ་ཚན་སྔོན་མ།:སྙན་འཇེབས་ཁུར་བའི་གཞོན་མ།
  • ལེ་ཚན་རྗེས་མ།:ཨ་མ་དྲན་པའི་སྨེང་གླུ།