སོར་གདུབ། 2023-03-02
བདག་ནི་ལྷ་ཡི་སྲས་གཅིག་ཡིན།།
སྐུ་དཀར་ཟླ་བའི་འོད་ཀྱིས་བྱུག།
དོ་ཀེར་ཚུགས་དང་མཐིང་མདོག་མཛེས།།
གཟི་བྱུར་སྤུད་པའི་ཐོར་ཅོག་རྒྱན།།
པདྨོ་འཛུམ་པའི་ཞལ་རས་ཀྱང་།།
མིག་ཟུང་སྦྲང་ཆར་ཐིགས་པ་ཆགས།།
སྨིན་མའི་མཆོག་སྦྱིན་ལྡིང་བ་དག།
འབུམ་པའི་རྒྱ་ཚ་ཞལ་དཀར་མཚུངས།།
ལུས་སུ་དར་གོས་ལྷབ་ལྷུབ་གཡོས།།
གོས་ཆེན་གསེར་མ་འབྲུག་རིས་ཅན།།
བརྗིད་པའི་ཉམས་ཀྱིས་གསོལ་བར་མཛད།།
ཁམས་གསུམ་བུ་མོའི་ཡིད་འཕྲོག་ནུས།།
ཡིད་དབང་འཕྲོག་པའི་ཚུལ་ནི་འདི་ལྟ་སྟེ།།
དཔེར་ན་དབང་ཕྱུག་གཙུག་རྒྱན་མཁར་འཕགས་ན།།
འདབ་མའི་མཛོད་དག་ཧ་ཅང་དགའ་བས་ནི།།
འཁུམས་པའི་ཡན་ལག་རེ་རེ་ལྷག་པར་བརྐྱངས།།
མཛེས་སྡུག་ཟེའུ་འབྲུའི་སོ་ཕྲེང་ཕྱི་རུ་འདོན།།
ཤིན་ཏུ་བདེ་དགའི་དྲི་བསུང་གློད་པར་བྱེད།།
དེ་ལྟར་བདག་ནི་ཁམས་གསུམ་ས་དགུ་འདིར།།
མངོན་པར་མཛེས་བྱེད་ཡིད་འོང་ལང་ཚོའི་དཔལ།།
སྙན་པའི་གྲགས་པ་རླུང་གི་རྒྱུ་བ་བཞིན།།
མ་ལྡང་མ་ཁྱབ་མ་ཡོད་ས་ནི་དབེན།།
མཛེས་སྡུག་སྤྲིན་དཀར་ཕང་བ་རུ།།
ཉིན་ཞིག་བདག་ནི་དེར་ལྷགས་ཏེ།།
མཁའ་ལམ་ཡངས་པོར་ཕར་ཚུར་བསྐྱོད།།
དེ་མར་བདག་གི་མདུན་རོལ་ན།།
ཞོ་གསར་སྤྲིན་པའི་སྟེགས་བུ་རུ།།
མཁའ་ཡི་མཛེས་བྱེད་མངོན་པར་བརྩེགས།།
མཁའ་འགྲོ་བྱེ་བ་ཁྲག་བརྒྱ་ཡིས།།
ལ་ལས་གར་གྱི་རྣམ་པར་རྩེན།།
ལ་ལས་རོལ་ཆ་འདྲ་མི་འདྲ།།
འབུད་བརྡུངས་དཀྲོལ་གྱིས་དབྱིངས་སུ་འགངས།།
དེ་དག་དབུས་ན་ལྷ་མོ་ཞིག།
སེང་གདོང་བརྐོས་པའི་ཁྲི་སྟེང་དུ།།
ཟླ་བ་པདྨའི་གདན་ཐོག་ལ།།
ཤིན་ཏུ་ཉམས་དགའི་ཚུལ་གྱིས་བཞུགས།།
ཨེ་མ་མཛེས་པའི་མཚན་དཔེ་ལས།།
སྐྲ་ལོའི་ལན་བུ་རེ་རེའང་།།
སྐྱེས་ཚུལ་ལྷག་ཏུ་བརྗོད་འདོད་ནས།།
དྲང་སྲོང་དག་གི་ནགས་ན་ནི།།
པོད་འཕྲིན་བྲག་གི་ཟླ་ལ་བརྩེགས།།
དའང་འདོད་ཡིད་མི་ཚིམས་པར།།
ཉིན་དང་མཚན་དུ་ལྷ་མོ་བརྗོད།།
ཁ་མཆུ་ལྕེ་སོ་ཟད་ལ་དོགས།།
ཇི་འདྲའི་མཚར་སྡུག་ཅན་གྱི་ལྷ་མོ་དེས།།
ངག་གི་ལྗོན་པའི་ཡལ་འདབ་མི་གྲོལ་ལ།།
གསུང་གི་ངད་ནི་ཅི་ཡང་མི་ལྡང་བར།།
ཅུང་ཟད་འཛུམ་དང་སྐྱེངས་པ་ཚུལ་ནི་བཟུང་།།
ངོ་ཡང་བསྐུངས་ལ་ལྟ་ཕོད་མིན་པའི་ཟོལ།།
སྣང་བརྙན་དེ་འདྲ་མཐོང་གྱུར་ཚེ།།
བདག་སེམས་སྐྱེད་མོས་ཚལ་དུ་ནི།།
ཡིད་དགའི་མེ་ཏོག་པདྨ་བཞད།།
དང་བའི་སེམས་ཀྱི་ཨུཏྤལ་འཛུམ།།
ཧ་ཅང་མགུ་བའི་རྐང་དྲུག་ལྡིང་།།
མྱོས་པའི་ཚུལ་དུ་དར་དིར་སྒྲོག།
ཟུར་མིག་གཤོག་ཟུང་བརྐྱངས་བར་བྱེད།།
མཛའ་གཅུགས་བོགས་ཕྱིར་ཕར་ཚུར་འཕུར།།
དེ་ནས་ལྷ་མོ་ཡིད་འཕྲོག་མ་དེ་ཡིས།།
ཆགས་པའི་ཟུར་མིག་གློག་དམར་གར་དུ་གཡོས།།
འདོད་པའི་གཏམ་གྱི་སྒྲ་བརྒྱ་པ་ཡང་སྒྲོག།
མྱོས་པའི་མངལ་ཆུའི་ཆར་བ་འབབ་པར་རྩོམ།།
སྨོན་པའི་ཉི་འོད་ཡིད་བཞིན་འཆར་ཙ་ན།།
གཏན་གྱི་འདུན་མའི་དབང་གཞུ་མིག་སྔར་བཞུགས།།
ཀུན་ཏུ་མཛེས་པར་སོ་སྐྱེ་མ་ལུས་པས།།
དགའ་ཞིང་བསྟོད་ལ་ཡིད་སྨོན་འཆོར་བའི་གནས།།
རྩོམ་གསར། 10