ལ་གཞས་ཀྱི་དབྱངས།

སད་མ།        2023-02-27

ཡར་གན་གྱི་ལ་ལུང་སྟོད་ན། །

འབྲོང་བྲེ་སེར་སྣང་བ་མཐོ་ལུགས། །

མདའ་ལི་མ་རིག་གི་མི་འདུག །

ས་བྱང་ཐང་ཡུལ་ལ་འཚོ་བའི། །

ང་འབྲོང་མོས་མཐོང་ན་སྐྱོ་ཀི །

མར་གན་གྱི་སྡེ་ཆེན་དབུས་ན། །

སྟག་ཤར་ལོ་རང་སྣང་ཆེ་ལུགས། །

ཆུང་འདྲིས་མ་རིག་གི་མི་འདུག །

སྡེ་ཕྱི་ནང་མྱི་ཁར་གནས་པའི། །

ང་བུ་མོས་ཤེས་ན་སྡུག་གི །

སྦྲ་མཐིང་སྨུག་སྒོ་ཡག་སྲུབ་ཡག །

ནང་སྣོད་གཞོང་ཡག་པ་འོ་མ། །

ཕྱི་ཆོན་དར་ཡག་པ་མར་རེད། །

གསང་ཕྱི་ནང་ཡག་པ་ཞོ་རེད། །

འཐུང་མ་ཤེས་སྨེང་བའི་གཞི་རེད། །

སྡེ་རྒྱ་གྲོང་ཕྱི་མཐུན་ནང་མཐུན། །

རོགས་ཞེ་མཐུན་ཡག་པ་ལྷ་རེད། །

གཏམ་དམར་མོ་ཡག་པ་མགུར་རེད། །

ཚིག་དམ་བཅའ་ཡག་པ་རི་རེད། །

རྩེ་མ་ཤེས་རྔམ་པའི་ཡུལ་རེད། །

བྱ་ཐང་དཀར་འབབ་ས་བྲག་རེད། །

མཐོ་བྲག་དཀར་སྐུ་ཚེ་བརྟན་དགོས། །

མཐོ་བྲག་དཀར་བརྟན་པ་མེད་ན། །

ངའི་ཞེ་དཀར་གང་ལ་འཁོར་དགོས། །

ང་ཕྱིན་ཆད་གང་དུ་འབབ་དགོས། །

རོགས་ཆུང་ལོ་རྩེ་ས་སྨན་ཆུང་། །

སེམས་སྣང་བ་རྟག་ཏུ་མཐུན་དགོས། །

སེམས་སྣང་བ་མཐུན་པ་མེད་ན། །

ངའི་ལྷད་མེད་སྙིང་གཏམ་སུར་བཤད། །

ང་ཕྱིན་ཆད་སུ་དང་རྩེ་དགོས། །

མཚོ་མ་ཕམ་མེ་ལོང་དཀྱིལ་དུ། །

ཉ་ཆེ་ཆུང་གཉིས་འགྲོ་གསུམ་འགྲོ། །

ང་ངང་མོ་ཁ་རུ་ཁེར་འགྲོ། །

ངས་འཕུལ་རོགས་འཚོལ་ན་རྙེད་ཀྱང་། །

བྱ་ཁྲུང་ཁྲུང་ཡིད་ནས་མ་བོར། །

སྡེ་ཞེང་ཆེན་སྡེ་བའི་དབུས་ན། །

གཞོན་མོ་ཕོ་གཉིས་འགྲོ་གསུམ་འགྲོ། །

ང་བུ་མོ་གྲོང་ན་ཁེར་འགྲོ། །

ངས་རྩེ་རོགས་འཚོལ་ན་རྙེད་ཀྱང་། །

ཆུང་སྙིང་སྡུག་སེམས་ནས་མ་བོར། །

སྤང་ན་གཞུང་གཡས་ཁྲ་གཡོན་ཁྲ། །

འབུ་སྦྲང་མ་གང་ཉུལ་གང་ཆས། །

བསུང་དྲི་ངད་བཏུང་ན་འཐུང་རྐྱང་། །

ཡུལ་མེ་ཏོག་འཁྱུད་ན་འཁྱུད་རྐྱང་། །

གཤོག་གླུ་དབྱངས་ལེན་ན་ལེན་ཆོག །

ཡུལ་ཚོ་བ་གཡས་ཚོ་གཡོན་ཚོ། །

མ་བཞོན་མ་ཁེར་འགྲོ་ཁེར་ལབ། །

རོགས་བུ་ཆུང་འགྲོགས་ན་འགྲོག་རྐྱང་། །

གཏམ་ཚིག་གསུམ་བཤད་ན་བཤད་རྐྱང་། །

དམ་བཅའ་བ་བཞག་ན་འཇོག་ཆོག །

དར་གོས་ཆེན་ཐུ་བའི་ཁ་ལ། །

སྐུད་རི་མོས་དཀྲི་ཀོར་འཐེན་ཡོད། །

གོས་དེ་ལ་ཡོ་གཟུར་མེད་ན། །

སྐུད་རི་མོར་གཟུར་བ་མི་འདུག །

དེ་ལོས་ཡིན་ལས་ཀྱི་འབྲེལ་ཡིན། །

ཆུང་བྱམས་པའི་གངས་དཀར་སེམས་ལ། །

ངས་མི་བརྗེད་དུངས་བ་གླེང་ཡོད། །

སེམས་དམར་པོ་ཡོ་གཟུར་མེད་ན། །

ངས་གླེང་པ་གཟུར་བ་མི་འདུག །

དེ་ལོས་ཡིན་ཚིག་གི་མནའ་ཡིན། །

  • ལེ་ཚན་སྔོན་མ།:རི་སུལ་འཇོལ་མོར་སྤྲིངས་པའི་གྱེས་གླུ།
  • ལེ་ཚན་རྗེས་མ།:སེམས་ཀྱི་དམ་པ།