རི་སུལ་འཇོལ་མོར་སྤྲིངས་པའི་གྱེས་གླུ།

གཞི་ཚང་ཟླ་བ་གྲགས་པ།        2023-02-27

དུ་བ་འཆུས་པོ་གནམ་མཐར་སྙེག་པར་བྲེལ།།

འབྱུང་མེ་ནད་པ་གདུང་བའི་སེམས་ཚེགས་འཕར།།

འདི་ལྟར་གྱེས་པར་སུ་ཡང་མི་རངས་ཀྱང་།།

ཟློག་པའི་བློ་ཇུས་གང་ལ་མི་སྲིད་ཨང་།།

ཐབ་གཞོགས་མི་ཚོགས་སྤྲོ་ཞིང་ཀྱལ་ཀ་སློང་།།

དུས་མཐའི་མགྲོན་པོ་གཏིང་ནས་མགྲིན་པ་བརྣངས།།

ལྗོན་ཤིང་རླུང་གིས་སྒུལ་བའི་ཤུར་གླུ་ཡང་།།

སེམས་འགུལ་ཐེབས་ཏེ་བདག་ལ་བླངས་པ་འདྲ།

མིག་ཆུ་ཟེགས་མས་རི་ལུང་ཐང་ཀུན་བྲན།།

བྱ་བྱེའུ་འགའ་ཞིག་ལྗོན་གསེབ་ཧད་པ་མཐོང་།།

བེམ་གཟུགས་རི་བོ་དག་ཀྱང་སྨྲེང་བ་སྟེ།།

ན་བུན་སྨུག་རིས་སྐྱོ་བའི་ཞལ་རླངས་སོ།།

ནམ་ཞིག་འདི་ནས་ཕ་རོལ་ལྡོག་པའི་དུས།།

བར་དོའི་སྒྲ་འོད་ཟེར་ལ་མི་ཞེད་ཀྱང་།།

དོ་ནུབ་མི་སྡུག་ཉམས་ཀྱི་ཕྱག་ཟུང་གིས།།

བདེ་མོར་འཇོག་ཡོང་བསམས་ན་གཏིང་ནས་འཇིགས།།

ཀྱེ་མ་བདག་ནི་མི་མེད་བྱེ་ཐང་གི།།

རྨི་ལམ་ནོགས་མོ་སྲིད་པའི་ཤེའུ་ཆུང་སྟེ།།

མ་ཟིན་ཡལ་བར་དོགས་པའི་དཀའ་སྡུག་ངང་།།

སྨིག་རྒྱུའི་གྲོང་དུ་གཙང་ཆུ་འཐུང་བར་བྲེལ།།

ད་ནི་ནད་མུག་མཚོན་གྱི་བསྐལ་པ་ལ།།

བསྒུགས་ནས་འདུག་རྒྱུ་མ་གཏོགས་ཐབས་ཟད་ཀྱང་།།

སྒྱུ་འཕྲུལ་བློ་ཡིས་གསང་བའི་ཡང་ཕུགས་ན།།

སྣང་བའི་མཁར་ཁང་བཞེངས་ནས་མངའ་གསོལ་བྱས།།

རྟག་ཏུ་འཛུམ་པའི་གསེར་གྱི་འཕགས་སྐུ་བཞིན།།

ཞི་བའི་སྤྱན་གྱིས་བདག་ཉིད་ཁོ་ནར་གཟིགས།།

མེ་ཆུ་རླུང་གིས་བསྐལ་བ་འཇིག་དུས་ཀྱང་།།

གཞོམ་ཐབས་བྲལ་བ་གཡུང་དྲུང་ལྕགས་ཀྱིས་ཤན།།

དེ་ལྟར་ལགས་ཀྱང་ལས་ཀྱི་དངོས་བྱུང་གིས།།

སྙིང་རྗེ་བ་སྤུ་ཙམ་ཡང་མི་གནང་བར།།

གྲུ་ཟམ་བྲལ་བའི་གཙང་བའི་ཕར་ཚུར་དུ།།

གཏན་སྡོད་དགོས་པའི་བཀའ་ཐམ་དམར་ལ་སྣུམ།།

ད་ནི་སྐྱོད་ཅིག་ལས་ཀྱི་གཞིས་དེངས་ཤིག།

གཏན་དུ་འཛོམས་ཆིངས་མེད་པའི་མི་ཚེའི་ནང་།།

བྱ་གཡང་གར་ལ་རྩེན་པའི་རི་ཟོམ་ནས།།

སྣང་སྲིད་སྒྱུ་མར་གཟིགས་ཤོག་གྲོགས་པོ་ཀྱེ།།


  • ལེ་ཚན་སྔོན་མ།:ཨ་མ་དང་འབྲུ་དྲུག་བར་གྱི་མགུར་མ།
  • ལེ་ཚན་རྗེས་མ།:ལ་གཞས་ཀྱི་དབྱངས།