ལོ་གཡང་འགུགས་པའི་སྙན་ཚིག་གཅམ་བྲལ་ངག་གི་སྙེ་མ།

མ་རུའི་ཚེ་དཔག་སྐྱབས།        2023-02-22

བདེ་སྐྱིད་ཉི་མའི་འོད་ཟེར་རི་ལ་བརྒྱབ། །

ཞོགས་པའི་འབྲོག་ཁྱི་ཟུག་པའི་བྲག་ཅ་མཆེད། །

ཕ་མའི་སྐུ་ཚེ་བརྟན་ཞིང་འདོད་དོན་འགྲུབ། །

བྱེས་ཀྱི་དུ་བ་ལྡ་ལྡིའི་རལ་བ་འདི། །

དགུང་སྔོན་ཨ་མའི་རུམ་ན་སྤྲིན་བཞིན་ཉལ། །

ཆུ་དང་གཙང་པོས་དར་དཀར་ན་བཟའ་བཀླུབས། །

གཡང་ར་སྒོ་བཞིར་ནོར་ཕྱུགས་གཡང་རྟེན་འཛོམས། །

ཕུ་ནུ་མིང་སྲིང་མགུ་ཞིང་སྤྲོ་བས་བརྟས། །

ལོ་གཡང་འགུག་པའི་སྙན་གླུ་ངག་ནས་ཐལ། །

མི་རིགས་མཐུན་སྒྲིལ་ཞོ་ལྟར་ཆགས་པར་སྨོན། །

ཡུལ་ཁམས་ཀུན་ལ་བདེ་སྐྱིད་ཕྱྭ་གཡང་ཤོག །

ཚེ་རིང་ནད་མེད་བཀྲ་ཤིས་རེ་ཁ་འབར། །

དོན་ལྡན་ངག་གི་འཁོར་ལོ་གཡས་སུ་འཁོར། །

རྩོད་རིགས་གཡུ་འབྲུག་ལྡིར་བའི་དགོན་སྡེ་ནས། །

དམ་ཆོས་གཙང་མའི་ཕྱག་ལེན་མ་ཉམས་པར། །

ཆོས་རིག་ལི་ཤི་བཞེས་པའི་གླང་པོ་དེ། །

ཐུབ་བསྟན་ནགས་མའི་ཀློང་ན་ལྷག་ཏུ་མཛེས། །

འཆད་རྩོད་རྩོམ་གྱི་བགྱི་བ་མཐར་ཕྱིན་ཤོག །

ཤེས་རབ་ནོར་གྱི་ཁང་བཟང་བ་གམ་ཅན། །

དཔྱོད་ཤེས་རྒྱང་དུ་སྙེག་པའི་མཁས་དབང་ཚོའི། །

གཞུང་ལུགས་རྒྱ་མཚོ་འབོགས་པའི་མཐའ་དབུས་ནས། །

ཐོས་བསམ་མཁྱེན་པའི་བློ་མིག་མ་ལྡོངས་ཤོག །

ར་བ་གངས་ཀྱིས་བསྐོར་བའི་ཚལ་ཡངས་ནས། །

ལྷག་བསམ་ཆུ་གཏེར་ལྷ་མོའི་བླ་མཚོ་འཕྱུར། །

བློ་སྤོབས་གངས་རི་ཏི་སེ་མ་སྙིལ་བ། །

བུ་རྒྱུད་ཧི་མ་ལ་ཡའི་འདབ་གཤོག་ཅན། །

ཕུ་ནུ་སྤུན་ཟླ་སྐྱོང་གི་མི་རྒན་ཁྱོད། །

སྲིད་པའི་སྦྲ་རྒན་ཚང་གི་མེས་པོ་བསྟོད། །

རྒན་ལ་བརྒྱད་ཅུའི་ཚེ་གཡང་རི་མོ་བཀྲ། །

དར་མ་རྒྱུ་སྟོབས་རྣམ་སྲས་མཛོད་ལ་འགྲན། །

གཞོན་ནུ་རིག་པའི་རྣམ་དཔྱོད་གཙུག་ཕུད་ཅན། །

ཁྱིམ་རྒྱུད་འདི་ལ་ཚེ་གཡང་འདོད་འདུན་སྩོལ། །

ལོ་གཡང་འགུགས་པའི་རྟེན་འབྲེལ་ངང་གིས་འཛོམས། །

ཕུན་ཚོགས་རྟེན་འབྲེལ་རི་མོ་བསྣོལ་རིས་མ། །

ཁ་བའི་རྡུལ་བརྩེགས་ཞིང་ལ་ལྷོད་ཀྱིས་བབས། །

ཕུ་ནུ་དགོད་སྒྲས་ཁེངས་ཤིང་གོ་ཁ་དྲོ། །

ནང་མི་གཞེས་འཛོམས་བརྩེ་བ་བྲོ་རུ་བསྒྱུར། །

སྲོལ་རྒྱུན་རིག་གནས་ལྟེ་བའི་གླ་རྩི་ལས། །

ཕྱི་རབས་ང་ཚོར་བག་ཆགས་དྲི་མ་བསྒོས། །

ལྷས་ར་གྲུ་བཞིའི་ནང་གི་གཡང་རྟེན་ནོར། །

ཚེ་ཐར་གཏོང་ཞིང་རྣ་བར་དར་ཚོན་བཏགས། །

ཁྱིམ་ལྷ་ནོར་ལྷ་དགྱེས་པའི་དཔལ་དུ་བལྟམས། །

ས་རྡུལ་མཁའ་རུ་ཕྱར་བའི་དགུན་གྲོང་འདིར། །

ལོ་གཡང་སྐྱིད་པའི་ལེགས་སྐྱེས་ཀུན་ལ་འབུལ། །

དགེ་ལེགས་མཚན་མའི་ཤིང་རྟ་ལེགས་འདྲེན་པའི། །

སློབ་གསོའི་ལས་དོན་སྤེལ་ལ་རབ་བརྟུན་པའི། །

དགེ་རྒན་ཞེས་པའི་མཚན་ཉིད་དོན་འཁྱོངས་པ། །

འགྲུས་ལྡན་ཐུགས་སྐྱེད་གངས་རིའི་རིགས་གཞུང་གི །

རླབས་ཆེན་འོ་མཚོའི་རླབས་ཕྲེང་འཕྱུར་བ་ཡི། །

ངེས་དོན་ཕྱག་རྗེས་ཅན་རྣམས་ཕྱག་གི་ཡུལ། །

རིག་གནས་ཚན་རིག་བསམ་བློ་གང་ཅིའི་སླད། །

བསྒྲུན་བྲལ་ཟླ་མེད་ཐོས་བསམ་གྱིས་ཕྱུག་མཛོད། །

ས་ཆེན་ཤེས་རབ་མཐུ་ཡིས་འགེངས་གྱུར་ཅིག །



  • ལེ་ཚན་སྔོན་མ།:ཤིས་ཚིག་གི་མདངས།
  • ལེ་ཚན་རྗེས་མ།:བོད་རབ་རྒྱན་ཆུ་མོ་ཡོས་ལོ་ལ་དཔྱད་པའི་རྟེན་འབྲེལ་བདེན་པའི་ཚིག་དྲང་སྲོང་གི་བྱིན་རླབས་ཞེས་བྱ་བ།