རྫ་ཤུལ་བློ་བཟང་། 2023-02-20
བདེ་ལེགས་རྫོགས་ལྡན་གསར་པའི་དུས་ཚིགས་འདིར། །
སྙན་འཇེབས་དབྱངས་ཀྱི་རྒྱུད་མངས་དཀྲོལ་ཙམ་གྱིས། །
ལྷུན་གྲུབ་ངག་གི་རྒྱལ་མོ་དབྱངས་ཅན་མས། །
དགེ་ལེགས་འཛུམ་པའི་པདྨོ་བཞད་གྱུར་ཅིག །
ཤེས་རབ་དབྱིངས་ཀྱི་ངོ་བོར་སྤྲུལ་པའི་གར། །
བདེ་སྟོང་ཡེ་ཤེས་སྒྱུ་འཕྲུལ་མངོན་པའི་དཔྱིད། །
འཇམ་དཔལ་གཞོན་ནུ་ཡིད་ལ་དྲན་ཙམ་གྱིས། །
རྨོངས་མུན་རྙི་ལས་མྱུར་དུ་གྲོལ་བར་བྱས། །
དབྱངས་སྙན་པིང་ཀའི་མགྲིན་བཟང་གྱེར་བའི་དབྱངས། །
དབྱངས་ཅན་དགའ་མའི་འཕང་འགྲོ་དཀྲོལ་བའི་དབྱངས། །
དབྱངས་རྟ་སྙན་མོས་ལོ་སར་བསུ་བའི་ཉིན། །
ལྷན་འཛོམས་དགོད་སྒྲ་སེམས་ཀྱི་དཀྱིལ་དུ་སིམ། །
ལེགས་བྱས་བསོད་ནམས་དཀར་པོའི་མཐུ་འོག་ནས། །
ལེགས་ཚོགས་ཕན་བདེའི་རི་མོ་ཅི་ཡང་གསལ། །
ལེགས་བཟང་སྙན་པའི་རྟེན་འབྲེལ་གླུ་ཆུང་འདི། །
ལེགས་འཛོམས་རིགས་མཐུན་ཕུ་ནུའི་ཚོགས་ལ་ཕུལ། །
དུས་བཟང་དུས་ཚིགས་གསར་པའི་ལོ་སར་ལ། །
སྨོན་ཚིག་སྨོན་འདུན་བཟང་པོས་མདུན་བསུས་ནས། །
སེམས་ཀྱི་དབྱངས་རྟ་ངག་ནས་གྱེར་དང་ལྷན། །
དབྱངས་ཀྱི་མཆོད་པ་སྣ་ཚོགས་སེམས་ཀྱིས་སྤྲོས། །
གངས་དཀར་རི་བོའི་ཕྲེང་ཚོགས་བསྐོར་བའི་ཞིང་། །
ངོ་མཚར་དཔལ་ཡོན་རྒྱས་པའི་ཆོས་ལྡན་ཡུལ། །
ཁ་བ་ཅན་གྱི་དགའ་སྟོན་བསུ་བའི་ཉིན། །
རྟེན་འབྲེལ་སྙན་ཚིག་དཀར་པོའི་མེ་ཏོག་འཐོར། །
ཡིད་འཕྲོག་ཚིག་གི་སྡེབ་སྦྱོར་མཛེས་པར་བསྐྲུན། །
ངག་སྙན་མགྲིན་པའི་རྩེ་རུ་དྲངས་པ་ཡིས། །
ཤིས་ཚིག་དཔྱིད་དཔལ་དབྱངས་སྙན་འདི་ནས་སྒྲོག །
དགའ་སྟོན་རྒྱས་པའི་དཔལ་ལ་རོལ་བར་བྲེལ། །
དུས་རབས་གསར་བའི་དུས་བཟང་མཐའ་རུ་ཚེས། །
སྐྱིད་པའི་སྨོན་འདུན་བཟང་པོའི་ཁ་གཡང་སྒྲོག །
ཡིད་འཕྲོག་འཛུམ་པའི་པད་ཚལ་ཅི་ཡང་དགོད། །
ལེགས་བྲིས་འཆི་མེད་ཡུལ་གྱིས་འགྲན་པར་དཀའ། །
ཆོལ་གསུམ་ཕུ་ནུའི་དཔུང་བ་གཅིག་ཏུ་སྒྲིལ།།
རེ་འདུན་འོད་སྣང་དཀར་པོ་ས་གསུམ་ཁྱབ། །
དུས་རབས་གསར་པའི་ཉི་འོད་ལྗོངས་སུ་ཤར། །
རྫོགས་ལྡན་བཀྲ་ཤིས་དུས་བཟང་ཨེ་མ་རྨད། །
གངས་ཅན་ལྗོངས་སུ་ཐུབ་བསྟན་ཉི་གཞོན་ཚེས། །
རྒྱལ་བསྟན་རིན་ཆེན་དབུ་འཕང་དགུང་ལ་རེག །
འགྲོ་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡིས། །
གནམ་ལོ་གསར་པའི་དུས་བཟང་བསུ་བར་བྲེལ། །
གཞོན་པའི་བློ་རིག་གློག་གི་འཕྲུལ་འཁོར་རྩེན། །
དར་མའི་ལང་ཚོའི་སྒེག་ཉམས་མངོན་པར་གསལ། །
དགའ་སྐྱིད་དཔལ་ཡོན་རྒྱས་པའི་དཔྱིད་དཔལ་ཚེས། །
མ་བཅོས་འཛུམ་ཆུང་དྭངས་མོས་ཡང་ཡང་བསུ། །
གཞོན་པའི་རླུང་རྟ་མཐོན་མཐིང་ངོས་སུ་གཡོས། །
སྙན་པའི་གྲགས་དཀར་ནོར་འཛིན་ཁྲོད་དུ་ཁྱབ། །
མཆོད་ཆང་གཙང་མ་མཆོག་གསུམ་ལྷ་ལ་ཕུལ། །
མི་རབས་གསར་པའི་དུས་བཟང་འཛུམ་གྱིས་བསུ། །
བཀྲ་ཤིས་རྟགས་བརྒྱད་གངས་ཅན་ལྗོངས་སུ་བཤམས། །
ཕུན་ཚོགས་འདོད་དགུའི་དཔལ་ཡོན་ལེགས་པར་ཚེས། །
བཀྲ་ཤིས་དགའ་སྟོན་བསུ་བའི་དུས་བཟང་འདིར། །
བཀྲ་ཤིས་བསམ་དོན་འགྲུབ་པའི་རྟེན་འབྲེལ་ལེགས། །
རྩོམ་གསར། 10