ལོ་སར་བསུ།

        2023-02-17

ལོ་རྙིང་བའི་ནང་གི་མི་མཐུན་ཕྱོགས།།

མི་དགེ་བའི་ལས་ལ་རྫོགས་ཚིག་འབྲི།།

ལོ་གསར་པ་བདེ་ལེགས་ཀུན་འབྱུང་ཡིན།།

སྙན་ཚིག་གིས་དབུ་ཁྱུད་བྲིས་ཏེ་བསུ།།

གནམ་ཨ་སྔོན་ལྷུན་པོའི་གུར་ཁང་ནས།།

ཤར་སྐྱ་རེངས་ལྷ་མོ་འཛུམ་གྱིས་གྲོལ།།

ལྷོ་ཆུ་འཛིན་གངས་ཀྱི་རྩེར་ནས་ལྡང་།།

རྟགས་རྟེན་འབྲེལ་མ་བསྒྲིགས་ལྷུན་གྱིས་འགྲུབ།།

གསེར་གྱི་ལེར་ཉི་གཞོན་མཁའ་ནས་ཚེས།།

བསང་དུད་སྤྲིན་ལྷོག་ལྷོག་མཁའ་ལ་འཕྱོ།།

བཀྲ་ཤིས་པའི་གནམ་ལོ་གསར་ཚེས་ཉིན།།

ངག་མཆོད་སྤྲིན་རྫོངས་བ་སྐྱེས་སུ་འབུལ།།

རི་ལྷུན་ཆགས་རྩེ་ནས་རླུང་རྟ་མཆོད།།

ལས་བསོད་ནམས་ཁ་བ་ལྷན་དུ་འབབ།།

གོས་གོང་བ་ཅན་ཚང་ལོ་སར་བཟང་།།

ལག་ཕྲེང་བ་ཅན་ཚང་ལོ་གཡང་འཕེལ།།

ཁྱིམ་གཡང་ཁང་གྲུར་བཞིའི་ནང་རོལ་ནས།།

ཟས་བཅུད་ཕུད་འཛོམས་པའི་སྡེར་ཁ་བཤམས།།

བོད་རང་གི་ཆ་ལུགས་གོས་གཙང་མནབས།།

ནང་བཟའ་ཚང་དགའ་སྐྱིད་དཔལ་གྱིས་བཟི།།

བཀྲ་ཤིས་པའི་མཆོད་ཡོན་ལྷ་ལ་ཕུལ།།

བཀྲ་ཤིས་པའི་ཕུན་ཚོགས་འདོད་རྒུ་འཇོ།།

བཀྲ་ཤིས་པའི་རྟེན་འབྲེལ་ཀུན་འགྲིག་པས།།

བཀྲ་ཤིས་པའི་ལོ་གཡང་རུ་མ་འཁྱིལ།།

བདེ་བགྲོད་ཀྱི་ཁ་གཡང་ཕ་མར་འབུལ།།

བདེ་སྐྱིད་ཀྱིས་ཁེངས་པའི་ཁྱིམ་འདི་ནས།།

བདེ་མོའི་ངང་ཚེ་རིང་ནད་མེད་འོག།

བདེ་ལེགས་ཀྱི་ལས་དག་རང་འགྲུབ་ཤོག།

ཕུན་ཚོགས་ཀྱི་སྨོན་ཚིག་ཕུ་ནུར་འབྲི།།

ཕུན་ཚོགས་ཀྱི་གནམ་ལོ་གསར་པའི་ནང་།།

ཕུན་ཚོགས་ཀྱི་བྱ་བ་གོང་འཕེལ་ཞིང་།།

ཕུན་ཚོགས་ཀྱི་དོན་རྣམས་ལྷུན་འགྲུབ་ཤོག།

རྩོམ་པ་པོ། གངས་ཆབ་ལྷ་སྲས། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལོ་གཡང་བཀྲ་ཤིས་ལྷ་དར།
  • ལེ་ཚན་རྗེས་མ།:ལོ་སར་གྱི་གཏང་རག།