2023-02-17
སྤྱིར་བོད་མདོ་དབུས་ཁམས་གསུམ་སྟོད་མངའ་རིས་བྱང་ནག་ཆུ་དང་བཅས་པའི་བོད་ཁུལ་ཡོངས་ཀྱི་རིགས་རུས་ཆོ་འབྲང་བར་ལ་བརྩི་བཀུར་བྱེད་སྟངས་དང་། ཁྱད་པར་དུ་མིང་སྲིང་གཉེན་ཉེའི་བར་གཉེན་མི་སྡེབ་པའི་ལུགས་སྲོལ་དང་། སྲིད་པའི་སྲོལ་རྒྱུན་དེ་འདྲ་རྒྱུན་འཛིན་བྱེད་པའི་དགེ་མཚན་དང་དེ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་བཤད་ཚུལ་ཅི་རིགས་མཆིས་པ་ལ་རྩད་གཅོད་རྒྱུས་ལོན་ལེགས་པོ་བྱེད་ཐུབ་ཡོད་ན་ཧ་ཅང་བཟང་མོད། ཡིན་ན་ཡང་། དུས་དང་ཡུལ་གྱིས་བསྐལ་བས་གོ་སྐབས་དེ་འདྲ་ཐོབ་མ་སོང་བས། བོད་སྤྱི་ཁྱབ་ཀྱི་ཤ་ཉེའི་བར་གྱི་གཉེན་སྒྲིག་འཛེམས་བྱ་ཕྲ་ཞིང་ཞིབ་པ་བརྗོད་ཐབས་བྲལ་མོད། སྤྱིའི་ཆ་ནས་གཅིག་འདྲ་ཡིན་པས། ཁོ་བོས་འདིར་ཡུལ་དངོས་ཨ་མདོའི་དར་མཚོའི་འབྲོག་ཁུལ་གཙོར་བཟུང་ནས། མདོ་དབུས་ཁམས་གསུམ་ནས་ཐོན་པའི་ཡིག་ཆ་ཁུངས་བཙུན་འགའ་ལ་གཞི་བཅོལ་ཏེ། བོད་པས་ཤ་ཉེ་བར་བརྩི་བཀུར་དང་འཛེམས་དོགས་ཀྱིས་གཉེན་མི་སྒྲིག་པ་ནི་བདེ་ཐང་གི་ཆ་ནས་དགེ་མཚན་ལྡན་པ་ཅུང་ཙམ་གླེང་བར་བྱ།
དང་པོ། ཉེ་དུ་གཉེན་མི་སྡེབ་པའི་ལུགས་སྲོལ་དང་ཡིག་ཚང་སྔོག་འདོན།
ངའི་ཕ་ཡུལ་གྱི་གནའ་མིའི་བཤད་རྒྱུན་ལ། མིང་སྲིང་སོགས་ཤ་ཉེ་འབྲེལ་གཉེན་སྡེབ་ན་བྱིས་པ་རྔ་མ་ཅན་སྐྱེ་བ་མ་ཟད་དེ་ལ་གྲིབ་ཆེ་བས། གལ་ཏེ་མིང་སྲིང་སོགས་བཟའ་སྒྲིག་བྱས་པ་ཞིག་ཡོད་པའི་དབང་དུ་བཏང་ཚེ། ཁྱིམ་ཚང་དེ་གའི་སྦྲ་ཁྱིམ་ཐབ་ཀ་སྟེ་སྒྱེད་པུ་ལས་བྱུང་བའི་དུ་བ་དང་། ཁྱིམ་ཚང་གཞན་གྱི་དུ་བ་གཉིས་འདྲེས་ན་ཡང་ཁྱིམ་ཚང་གཞན་པ་དེར་གནོད་པ་ཡིན་ཞེས་མིང་སྲིང་སོགས་གཉེན་ཉེ་འབྲེལ་གཉེན་སྡེབ་པར་གདོལ་ནད་མཛེ་བཞིན་དུ་མི་རབས་ནས་མི་རབས་སུ་འཛེམས་པ་རེད། མིང་སྲིང་གཉིས་ཀས་ཕན་ཚུན་ལ་ཆགས་སེམས་སྐྱེ་མི་ཉན་པ་མ་ཟད། གལ་ཏེ་མིང་སྲིང་གཉིས་ཕན་ཚུན་ལ་ཆགས་སེམས་ཀྱིས་འདོད་གཏམ་འདྲ་བཤད་པ་ཡིན་ན། དེ་ལ་གྲིབ་ཆེ་བས་དེ་གཉིས་ཀྱི་བར་དུ་མེ་མདའ་བཞག་ན་ཡང་བོའུ་ལྕགས་གས་འགྲོ་བ་རེད་ཅེས་བཤད་པ་རེད། མི་རབས་བདུན་ཕྱིན་པ་ན་གཉེན་སྒྲིག་ཀྱང་རུང་ཟེར་མོད། ད་ལྟའི་གནས་ཚུལ་ལྟར་ན་མི་རབས་བཅུ་ལྷག་སོང་ཡང་། ད་དུང་ཤ་ཉེ་ཡིན་ཞེས་ཕན་ཚུན་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ། ཕོ་མོའི་བར་གཉེན་ཉེ་ཡིན་པས་འཚོ། ངོ་ཚ་ཞེས་འཛེམས་དོགས་ཆེན་པོ་བྱ་བཞིན་འདུག། ཉེ་དུ་ཕོ་གཞོན་མོ་གསར་ཚོས་ཕན་ཚུན་བར་འདོད་གཏམ་མི་ལབ་པ་ལ་འབྲོག་ཁུལ་ནས་ངས་དེ་ལ་འཚོ་ཟེར། ཡང་ན་ང་དེ་ལ་ངོ་ཚ་ཟེར། རོང་ཁུལ་ནས་ངས་དེ་ལ་ངོ་བསྲུང་ཟེར། གང་ལྟར་གནའ་མི་ནས་བརྒྱུད་པའི་བཤད་རྒྱུན་དང་ལུགས་སྲོལ་འདིས། མིང་སྲིང་གཙོས་རིགས་རུས་ཆོ་འབྲང་བར་ཉུང་མཐའ་མི་རབས་བདུན་མ་སོང་བར། གཉེན་སྡེབ་མི་ཆོག་པའི་ཐ་ཚིག་བསྒྲགས་འདུག། བཀའ་གདམས་བུ་ཆོས་སུ་ཡང་། ཕའི་ཕྱོགས་ཡིན་ན་འདྲ། མའི་ཕྱོགས་ཡིན་ན་འདྲ། མི་རབས་བདུན་ཚུན་ཆད་དུ་འདོད་པའི་ཡུལ་དང་ཆགས་སེམས་སྐྱེ་མི་རུང་ཚུལ་གསུངས་འདུག་སྟེ། ཇི་སྐད་དུ། མ་དང་། སྲིང་མོ་དང་། མའི་མ་དང་། མའི་སྤུན་ཟླ་ལ་སོགས་པ་ཉེ་དུ་བདུན་རྒྱུད་ཚུན་ཆད་དང་། དེ་བཞིན་དུ་ཕའི་མ་དང་། ཕའི་སྲིང་མོ་དང་ཉེ་དུ་བདུན་རྒྱུད་ཚུན་ཆད་ལ་མི་བྱ་བ་དང་། དེ་བཞིན་དུ་བུད་མེད་དག་གིས་ཀྱང་། ཕ་དང་། མིང་པོ་དང་། ཁུ་བོ་དང་། མེས་པོ་ལ་སོགས་པ་བདུན་རྒྱུད་ལས་ལྷག་པ་ལའང་། འདོད་པའི་ཡུལ་དང་། ཆགས་སེམས་ཀྱི་ཡུལ་མི་བྱ།[1]ཞེས་བཀོད་འདུག་པ་དང་། དམངས་སྲོལ་རིག་པའི་སྤྱི་དོན་དུ། ཁ་དཔེར། ཕ་ཚིགས་བདུན་དང་མ་ཚིགས་བཞི་རུ་བརྩི་སྲོལ་ཡོད་པ་དང་། ཕ་ཚིགས་རྫོགས་མཐའ་མེད། མ་ཚིགས་བཞི་ནས་བུད།[2]ཅེས་ཕའི་ཕྱོགས་ཀྱི་གཉེན་ཉེ་དུ་ཡིན་ན་མི་རབས་བདུན་ལོན་དགོས་པ་མ་ཟད། ཡང་ན་དེ་ལས་མང་དགོས་པ་དང་། མའི་ཕྱོགས་ཡིན་ན་མི་རབས་བཞི་ལོན་ན་གཉེན་སྡེབ་ཀྱང་མི་ཆོག་པ་མེད་ཚུལ་བསྟན་འདུག། ༄༅། །ཆབ་འགག་ཡུལ་གྱི་ལོ་རྒྱུས་དྲི་མེད་ཤེལ་དཀར་ཕྲེང་བ་ལས་ཀྱང་། ཕ་མ་མིང་སྲིང་། རྒན་པ་དང་ད་དུང་མི་རབས་བདུན་ཚུན་ཆད་ཀྱི་གཉེན་ཉེ་ཚོའི་མདུན་དུ་འདོད་གཏམ་ལ་སོགས་བཤད་པར་འཛེམ།[3]ཞེས་འཁོད་པ་སོགས་ལས་བོད་ཀྱིས་མི་རབས་བདུན་ཚུན་ཆད་དུ་རིགས་རུས་ཆོ་འབྲང་གང་གི་ཕྱོགས་ནས་ཀྱང་ཕན་ཚུན་ལ་འདོད་གཏམ་མི་ལབ་པ་དང་། གཉེན་མི་སྡེབ་པ་གསལ་པོར་རྟོགས་ནུས་པར་འདུག།
གཉིས་པ། ཉེ་དུ་གཉེན་མི་སྡེབ་པའི་བདེ་ཐང་གི་དགེ་མཚན།
དེ་ཡང་གོང་ནས་བཤད་པ་ལྟར་མིང་སྲིང་སོགས་ཉེ་དུ་གཉེན་སྡེབ་ན་བྱིས་པར་རྔ་མ་སྐྱེ་ཞེས་པ་ནི། དོན་དུ་རིགས་རུས་གཅིག་པ་དང་། ཆོ་འབྲང་གཅིག་པ་མི་རབས་བདུན་མ་ལོན་པར་གཉེན་སྡེབ་ན་ཕན་ཚུན་གྱི་ལུས་ཕུང་གི་ཆ་ལས་ཆད་པའི་རུས་པའི་གྲུབ་ཆ་ཡིན་ན་འདྲ། མ་ལས་མཆེད་པའི་ཁྲག་གི་གྲུབ་ཆ་ཡིན་ན་འདྲ། གང་ལྟར་གཅིག་གི་ལུས་ལས་ཆད་པ་དེ་ཅིག་ཤོས་ཀྱི་ལུས་སྟེང་ནས་ཀྱང་འཆད་པས་ཕན་ཚུན་ཁ་གསབ་དང་ཁ་སྣོན་བྱེད་མི་ནུས་པས། ཕན་ཚུན་གྱི་ལུས་སྟེང་ནས་ལུས་ཟུངས་ཀྱི་ཕྲ་ཕུང་གི་གྲུབ་ཆ་མང་བ་དེ་མང་དྲགས་ནས་ཆེར་འཕེལ་བར་འགྱུར་བ་དང་། ཡང་ཉུང་བ་དེ་ཉུང་དྲགས་ནས་ཟད་པར་འགྱུར་བ་ཡིན། དཔེར་ན། རིགས་རུས་གཅིག་པའི་ཕའི་ཕྱོགས་ཀྱི་ཉེ་དུ་གཉིས་སྡེབ་པ་ཡིན་ན། བཤད་རྒྱུད་ལས། ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད། །[4]ཅེས་པ་དང་། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པ་གསུམ་དུ་བརྗོད། །[5]ཅེས་པ། ཡང་མ་ཅིག་ལབ་སྒྲོན་གྱིས། རུས་པ་དང་། རྐང་མར་དང་། ལྷ་བ་དང་། ཚིལ་བུ་དང་། ཆུ་རུས་དང་། གཞུང་བ་དང་། ཀླད་པ་དང་། བྱང་སེམས་དཀར་པོ་དང་། དེ་རྣམས་ནི་ཕའི་ཐིག་ལེ་ལས་གྲུབ་པ་ཡིན།[6]ཞེས་གསུངས་པ་ལྟར་དུ། ཕ་ཚན་གྱི་ཉེ་དུ་ཕོ་མོ་དེ་གཉིས་ཀྱི་ཀླད་པ། གཞུང་བ། རུས་པ། ལྷ་བ། རྐང་མར། ཚིལ་བུ། ཆུ་རུས་བཅས་ནི་གཅིག་གི་ལུས་སྟེང་ནས་མང་བ་དེ་བཟའ་ཟླ་གཉིས་ཀའི་ལུས་ལས་མང་བ་དང་། མང་བ་གཉིས་ཀ་འཕྲད་པས་མངལ་གནས་ཀྱི་ལུས་ལས་ཀྱང་མང་དྲགས་ཏེ་འཕེལ་བར་འགྱུར་ཏེ། རུས་པ་འཕེལ་བས་རུས་ལྷག་སོ་ལྷག་འབྱུང་། །རྐང་འཕེལ་ལུས་ལྕི་མིག་གཡུང་ཚིགས་ཁ་སྦོམ། །[7]ཞེས་པ་ལ་སོགས་པའི་ཉེས་པ་རིགས་རྒྱུད་བྱིས་པ་ལ་འབྱུང་བ་དང་། ཡང་དེ་གཉིས་ཀའི་ལུས་ལས་རུས་པ་སོགས་ཀྱི་གྲུབ་ཆ་མི་འདང་བ་དེ་གཉིས་ཀའི་ལུས་ལས་མི་འདང་བ་དང་། མི་འདང་བ་དེ་མངལ་གནས་ཀྱི་ལུས་ལས་ཀྱང་ཉུང་དྲགས་ནས་ཟད་པར་འགྱུར་ཏེ། རུས་པ་ཟད་པས་སྐྲ་འབྱི་སོ་སེན་ཕྱུང་། །རྐང་ཟད་སྦུབས་སྟོང་མགོ་འཁོར་མིག་འགྲིབ་འགྱུར། །[8]ཞེས་པ་ལ་སོགས་པའི་ཉེས་པ་ཡང་རང་གི་བྱིས་པའི་ལུས་ལས་མངོན་དུ་འགྱུར་སྲིད་པ་ཡིན། ད་དུང་ཕ་ཚན་གཉེན་སྡེབ་པ་ལས་བྱིས་པ་ཀླད་པ་མི་གསལ་བ། བློ་རིག་མི་བཀྲ་བ། དབང་བོ་རྟུལ་བ་སོགས་གནོད་པའི་དྲི་མས་སྐྱེ་སྲིད་པ་རེད། མི་རྒྱུད་དང་རྟ་རྒྱུད་གཉིས་ཅུང་འདྲ་བ་ཞིག་ཡིན་ཏེ། རྟ་རྒྱུད་གཅིག་གི་རྒོད་མ་དང་རྟ་གསེབ་སྡེབ་པའི་རྟེའུ་ནི་དེ་འདྲའི་ལེགས་པོ་ཞིག་མིན་ཏེ། དེ་ནི་གཟུགས་མི་མཛེས་པ། བང་རྩལ་ཞན་པ། ཐ་ན་ལག་ཚིགས་ལ་སོགས་པ་ཡང་འབུར་སྐྲངས་ཅན་སོགས་འབྱུང་བ་རེད། དེ་བས་རྒོད་མ་དར་མཚོ་རྫོང་གི་ཡིན་པ་ལྟ་བུ་ཞིག་ལ་མཚོན་ན། རྟ་གསེབ་མང་རྫོང་དང་འབའ་རྫོང་ཡང་ན་མགོ་ལོག་སོགས་ནས་ཁྲིད་ཡོང་བ་ཞིག་ཡིན་ན། རྟ་རྒྱུད་ཅན་གྱི་རྟེའུ་ཞེས་པའི་ཁ་དཔེ་བཞིན་ད་གཟོད་དེའི་རྟ་རྒྱུད་ནི་བང་རྩལ་ཆེ་བ། འགྲོས་མྱུར་བ། རྣམ་རིག་རྒོད་པ། གཟུགས་བཟང་བའི་རྟ་མཆོག་ཤ་སྟག་འབྱུང་བ་རེད། སྤྱིར་བཏང་རྟ་ཁྱུ་གཅིག་གི་གསེབ་ནི་རང་གི་ཨ་མ་རྒོད་མ་དང་། ཁོ་དང་རྒོད་མ་གཅིག་ལས་རྩེབ་པའི་རྒྱ་མོ་སོགས་ལ་ངོ་ཚ་ནས་འཛེམས་པ་རེད། འདི་ནི་ཁྱི་ཕག་ནོར་ལུག་བོང་བུ་སོགས་དང་བསྡུར་ན་ཁྱད་མཚར་བ་ཞིག་ཡིན། རྟ་མཆོག་རིན་པོ་ཆེ་ཞེས་པར་ཁྱད་ཆོས་མང་པོ་ཡོད་ཚོད་རེད། དེ་བས་མི་རྒྱུད་ཅེས་ན་ཡང་། རྟ་རྒྱུད་དང་ཕྱོགས་མཚུངས་པར་ཉེ་དུ་སྡེབ་མི་རུང་ཟེར་དོན་དེ་འདྲ་རེད། དེ་ལྟར་མའི་ཕྱོགས་ཀྱི་ཆོ་འབྲང་གཉེན་སྡེབ་ན་ཡང་ལུས་ཟུངས་ཀྱི་ཆ་ཤས་གཅིག་མཚུངས་མང་སྟེ། བཤད་རྒྱུད་ལས། མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། །[9]ཅེས་པ་དང་། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། པགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་དེ་བཞིན་བརྗོད། །[10]ཅེས་པ། ཡང་མ་ཅིག་ལབ་སྒྲོན་གྱིས། ཤ་དང་། ཁྲག་དང་། ཞག་དང་། ཆུ་སེར་དང་། པགས་པ་རིམ་པ་བདུན་དང་། སྐྲ་དང་། བ་སྤུ་དང་། རཀྟ་དམར་པོ་དང་། དེ་རྣམས་ནི་མའི་ཁུ་བ་དམར་པོ་ལས་གྲུབ་པ་ཡིན།[11]ཞེས་གསུངས་བཞིན་དུ། ཤ་དང་། ཁྲག་དང་། དོན་ལྔ་སྣོད་དྲུག། པགས་པ། ཞག། ཆུ་སེར། སྐྲ། བ་སྤུ། ཁམས་དམར་བཅས་ནི་མ་ལས་གྲུབ་པ་བསྟན་འདུག་པ་དང་། མའི་ཕྱོགས་ཀྱི་མི་རབས་མང་པོ་མ་ཕྱིན་པའི་ཐག་ཉེའི་ཉེ་དུ་ཕོ་མོ་ཕན་ཚུན་གཉེན་སྡེབ་ན། གཅིག་གི་ལུས་ལས་མི་འདང་བའི་ལུས་ཟུངས་ཀྱི་གྲུབ་ཆ་དེ་གཉིས་ཀའི་ལུས་སྟེང་ནས་མི་འདང་བས་མངལ་གནས་ཀྱི་ལུས་ལས་དེ་ཟད་པར་འགྱུར་བ་ཡིན་ཏེ། དཔེར་ན། ཁྲག་ཟད་རྩ་ལྷོད་ལྤགས་རྩུབ་བསིལ་སྐྱུར་དད། །ཤ་ཟད་ལྷུ་ཚིགས་ན་ཞིང་རུས་ལྤགས་འབྱར། །[12]ཞེས་པ་ལྟ་བུའི་ཞེས་སྐྱོན་གྱིས་བྱིས་པའི་བདེ་ཐང་གནོད་པ་དང་། ཡང་བཟའ་ཟླ་དེ་གཉིས་ཀའི་ལུས་སྟེང་གི་ཁྲག་གི་གྲུབ་ཆ་སོགས་མང་ན་གཉིས་ཀར་མང་བས་མངལ་གནས་ཀྱི་ལུས་ལས་འཕེལ་བར་འགྱུར་ཏེ། ཁྲག་འཕེལ་མེ་དབལ་ཁོང་འབྲས་མཆེར་བའི་ནད། །མཛེ་སྐྲན་ཁྲག་མཁྲིས་ནད་དང་མིག་སེར་དང་། །རྙིལ་ནད་བསྐྱོད་དཀའ་མིག་དང་གཅིན་ལྤགས་དམར། །ཤ་འཕེལ་ལྦ་བ་རྨེན་བུ་ཤ་རྒྱས་འགྱུར། །[13]ཞེས་པ་སོགས་ཀྱི་ཉེས་པས་མངལ་གནས་རིགས་རྒྱུད་ཀྱི་ལུས་པོའི་བདེ་ཐང་ལ་ཉེ་བར་འཚེ་བའི་གནོད་པ་འབྱུང་ངེས་རེད་སྙམ་པ་དང་། ཡང་ངའི་ཕ་ཡུལ་གྱི་རྒན་པའི་བཤད་རྒྱུན་ལ་མི་རབས་བདུན་ནས་ཉེ་དུ་ཡིན་ཡང་ལྷུ་ཚིགས་ཆེ་ཆུང་སོགས་རུས་པ་རིམ་པ་བདུན་བརྗེས་ཚར་ཡོད་པས་སྐྱོན་མེད་ཟེར། ཁོ་བོའི་རུས་པའི་ལྷུ་ཚིགས་སོགས་རིམ་པ་བདུན་ཇི་ལྟར་བརྗེ་བ་སོགས་ལ་འགྲེལ་རྒྱག་མི་ཐུབ་མོད། ཡན་ལག་གི་ལྷུ་ཚིགས་ཆེ་ཆུང་སོགས་ཟེར་བར་བལྟས་ན། དཔེར་ན་ལག་པའི་རུས་པར་མཚོན་ན་ཡང་། སོག་པའི་རུས་པ། དཔུང་རྐང་། རྗེ་ངར་ཆེ་ཆུང་གི་རུས་པ་སྟེ་འདི་གཉིས་གང་ལྟར་གྲུ་ཚིགས་དང་འཁྲིག་ཚིགས་ཀྱི་བར་གྱི་རུས་པ་ཡིན་པས་རྗེ་ངར་རུས་པ་གཅིག་ཏུ་བགྲངས་ཨེ་ཆོག་སྙམ། དེ་ནས་ལག་མཐིལ་རུས་པ། དེ་ནས་སོར་མོའི་རུས་པ་ལ་ལྷུ་ཆུང་གསུམ་མཆིས་པ་སྟེ། མཁྲིག་ཚིགས་སོགས་མ་བརྩིས་པར་ཚིགས་བར་གྱི་རུས་པའི་ལྷུ་རགས་པ་བགྲངས་ན་བདུན་ཙམ་འདུག་པ་ནི། མི་རབས་རེ་རེར་རུས་པའི་ལྷུ་རེའི་གྲུབ་ཆའི་ངོ་བོ་འགྱུར་ནས་འཚོ་བཅུད་རྙིང་ཚབ་གསར་བརྗེ་བྱེད་པ་ཞིག་མིན་ནམ་ཡང་སྙམ་མོད། འདི་ནི་ཁུངས་ལུང་དབེན་པའི་རང་གི་རྨོངས་བློ་འབའ་ཞིག་ལགས་པས་ཡིད་རྟོན་བྲལ་ལ། ཕྱིས་དཔྱོད་ལྡན་རྣམ་པས་འདིའི་ཕྱོགས་ནས་ཞིབ་འཇུག་བྱེད་པར་ཞུ། གང་ལྟར་གོང་གི་གནའ་མིའི་བཤད་ཚུལ་དེ་ནི་གནས་ལུགས་དང་ལྡན་པ་ཞིག་ཡིན་པ་གོར་མ་ཆག་པ་དང་། རུས་པ་ཟེར་སྲོལ་ལ་དཔྱད་ན་དེ་ནི་གཙོ་བོ་ཕའི་ཕྱོགས་ཀྱི་རིགས་རུས་ཀྱི་ཆ་ནས་བཤད་པ་རྟོགས་ནུས། པགས་པ་ལ་ཡང་རིམ་པ་བདུན་དུ་དབྱེ་སྲོལ་འདུག་སྟེ། མ་ཅིག་ལབ་སྒྲོན་གྱིས། པགས་པ་ལ་ནང་དུ་ཤའི་རིམ་པ། དེའི་རྒྱབ་ཏུ་དར་ཤའི་རིམ་པ། དེ་ནས་ཆུ་རུས་ཀྱི་རིམ་པ། དེ་ནས་རྩའི་རིམ་པ། དེ་ནས་ཚིལ་བུའི་རིམ་པ། དེ་ནས་སྐྱི་མོའི་རིམ་པ། དེ་ནས་པགས་པ་སྟེ། རིམ་པ་བདུན།[14]ཞེས་པགས་པ་རིམ་པ་བདུན་པོ་རེ་རེ་བཞིན་ཅུང་ཞིབ་རྒྱས་སུ་གསུངས་པ་ཡོད་དང་། ཡན་ལག་བརྒྱད་པའི་སྙིང་བསྡུས་ཀྱི་རང་འགྲེལ་དུའང་། ལུས་ལ་པགས་པ་རིམ་པ་བདུན་ཡོད་དེ། དཔེར་ན་འོ་མ་བསྐོལ་བ་ལས་སྤྲིས་མ་ཆགས་པ་བཞིན་དུ་ཁྲག་ལ་སོགས་པ་ལུས་ཀྱི་ཁམས་བདུན་པོ་ཡང་རང་རང་གི་དྲོད་ཀྱིས་ཡོངས་སུ་སྨིན་པ་ལས་པགས་པ་རིམ་པ་རེ་རེ་སྐྱེ་སྟེ་དེ་དག་ཀྱང་བད་ཀན་དང་རྒྱུས་པས་གཡོགས་པར་གནས་སོ། །[15]ཞེས་པ་སོགས་ལ་གཞིགས་ན་རུས་པ་ལ་ཡང་ལྷུ་ཚིགས་ཡིན་ན་འདྲ། གང་ལྟར་རིམ་པ་བདུན་ཞིག་དགར་སྲོལ་ཡོད་ངེས་རེད་སྙམ་མོ། །
མཇུག་བསྡུ་བ།
རིགས་རྒྱུད་ཀྱི་བདེ་ཐང་གི་ཆེད་དུ་བོད་ཁུལ་ནས་རིགས་རུས་ཆོ་འབྲང་མི་རབས་བདུན་སོགས་མ་ཕྱིན་པར་གཉེན་མི་སྒྲིག་པ་དང་། དེ་ནི་གཅིག་ནས་མི་རིགས་ཀྱི་ཡ་རབས་ངོ་ཚ་ཁྲེལ་ཡོད་ཀྱི་ལུགས་སྲོལ་བཟང་པོ་ཞིག་དང་། གཉིས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཡང་མཐུན་ལ། གསུམ་ནས་རིགས་རྒྱུད་ནད་མེད་བདེ་ཐང་གི་རིག་པ་གལ་ཆེན་ཞིག་ཀྱང་ཡིན་པས། མི་རབས་ནས་མི་རབས་སུ་འདི་ལ་བརྩི་བསྲུང་དང་རྒྱུན་འཛིན། མཐོང་ཆེན། དོ་སྣང་བཅས་བྱ་རྒྱུ་ནི་ཤིན་ཏུ་འགངས་ཆེ་བ་ཞིག་རེད། གཞན་དུ་རྩོམ་ཐུང་འདིར་མ་རྟོགས་ལོག་རྟོག་དང་ཧོལ་རྒྱུགས་ཀྱི་མི་འདང་ས་ཅི་ཞིག་མཆིས་པར་ནོར་བ་ཡོ་སྲང་ཡོད་པར་ཞུའོ།།
ཧྲོང་བོ་ཚེ་བརྟན་རྒྱལ་གྱིས་བྲིས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10