ཕ་ཡུལ་གྱི་གཞིས་ཀ་དང་ཨ་ཕ།

སད་མི།        2023-02-16

མཚན་ནམ་རིང་པོ་དེ་དུས་ཚོད་ལ་འབྲེལ་བ་མེད་དེ། དུས་ཚོད་ནི་རྟག་པར་རྡེག་བཞིན་ཡོད། མི་རྣམས་ཀྱིས་དུས་ཚོད་ལ་ཡང་ཡང་ཅེར་བ་དེའང་དུས་ཚོད་ལ་འབྲེལ་བ་མེད་དེ། དུས་ཚོད་ཀྱིས་སུ་ལའང་ངོ་ཆེན་ཞུ་མི་སྲིད་དོ། ། ལོ་ཟླ་ནི་དུས་ཚོད་ཡིན་ཏེ་བློས་བཏང་གིས་བསྒྱུར་བཅོས་མི་བཏུབ་ཅིང་། ཕྱིར་དྲན་གྱིས་མཚོན་པར་མི་ནུས་པ་དེའོ། ། དོ་ཞག་གི་ནམ་ཚ་ལ་བལྟས་ན། སྤྲིན་དཀར་གྱི་བང་རིམ་ལ་ཨི་ཁུང་བརྟོལ་བའི་བྱེའུ་དེ་དག ། གཤོག་ཟུང་དང་གཤོག་ཟུང་བསྒྲིལ་ནས་མཐའ་ཡས་པའི་ནམ་མཁའ་ལ་བྲོ་གར་འཁྲབ་པ་དང་འདྲ། ངས་ཀྱང་བས་མཐའི་ཁང་སྟོང་འདི་ཉིད་གར་སྟེགས་ཤིག་ཏུ་བསྒྱུར་སྙིང་བྲོ།

ཆར་བ་རི་མགོར་བབས་ནའང་ཆུ་བོ་རི་འདབས་ནས་རྒྱས་པ་བཞིན། ཁྱོད་རང་རྒྱང་དུ་གནས་ཀྱང་ཁྱོད་ཀྱི་མིག་ལམ་དུ་ཁོ་བོ་ཡང་ཡང་རྒྱུ། རྟོག་བཏགས་ཀྱི་སྣང་བ་དེ་དག་ཁྱོད་ལ་མཚོན་ན་མཚར་སྡུག་གི་འཇའ་ཚོན་འཆར་བ་དང་མཚུངས་ཏེ། སེམས་སུ་སྡུག་པའི་རྣམ་པ་དེ་ཁོ་ནའོ། །

ཉིན་ཞག་རེ་རེ་ཡོལ་རྗེས་ཀྱི་སྣང་བ་དེ་དག་ལ་མཉམ་འཇོག་བྱེད་ཚེ། ཚེ་སྲོག་གི་བཞུར་རྒྱུན་ནི་མཚམས་འཇོག་མེད་པའི་ཆུ་བོ་བཞིན་དུ་བབས་ཤིང་བགྲོད་པར་འདུག་ཀྱང་། འཚོ་བ་ལ་གཟབ་ནན་ཆེས་ཆེར་བྱེད་པ་ནི་སྙིང་པོ་མེད་པ་ཡིན་ཏེ། ག་ལེར་རང་ཉིད་དང་འཚམས་པའི་གནས་མལ་ཞིག་ཏུ་སྡོད་པར་དགའ། ཡིན་ནའང་ཁྱོད་རང་རྟག་པར་ཁྲག་རྒྱུད་ཀྱི་ཆེད་དུ་བྲེལ་འཚུབ་ལང་བཞིན་ཡོད། ཨ་ཕ། ལོ་ངོ་དུ་མར་སུ་ལའང་རྒྱབ་བརྟེན་མ་དགོས་པ་དེ་ཁྱོད་ཀྱི་དྲིན།

ཕྱིར་འདང་ལན་གཅིག་བསྐྱོན་དང་། སྔོན་ཆད་སྐེད་དུ་འཕྲེད་ཀྱིས་དྲངས་པའི་གྲི་ཆུང་དེ་ལ་ད་ལྟ་བཙའ་ཆགས་ཤིང་། ལོ་རབས་ལྔ་བཅུའི་ནང་གི་གློག་བརྙན་ལྟར་ཚོན་མདངས་གང་ཡང་མེད། འདང་རྩིས་ཆེ་བའི་ཡོ་བྱད་དེ་དག་ལ་ད་ལྟ་ཞེ་མེར་ཞིང་ཡིད་ལོག་པར་གྱུར་ཨང་།

ཁྱོད་རང་དུས་ཚོད་ཀྱིས་ཁྱུད་མིར་བཏང་ཞིང་། ལང་ཚོ་དང་མཛེས་སྡུག་དག་ཀྱང་གཞིས་ཀ་གཅིག་ཏུ་ཐིམས་ཡོད། མི་ཚེ་ཐུང་ཐུང་རེད་ཅེས་སྨྲ་བར་མི་སྤོབས་ཏེ། དགའ་སྡུག་སྐྱོ་གསུམ་གྱི་འཚོ་བ་རེས་ཀྱིས་ཚེས་ཤིང་། རྒས་དར་གཞོན་གསུམ་གྱི་ལང་ཚོའང་དལ་གྱིས་མྱངས་ཡོད་པས་སོ། ། དེ་ལྟ་ནའང་ནང་སེམས་ཀྱི་མཐིལ་བརྡོལ་བའི་འགྱུ་བག་དེ་ལ་ལྷན་ཐབས་བག་ཙམ་ཞིག་ཀྱང་སྦྱར་མི་བཏུབ་པ་ནི་རང་གཤིས་ཡིན་ནམ་སྙམ་པ་བྱུང་། གཅིག་བྱས་ན། ཁྲུང་ཁྲུང་གིས་གཙང་པོ་བསྐྱུར་ནས་གཏན་དུ་སྡོང་མགོ་ཞིག་ཏུ་མཆིས་ཀྱང་སྲིད། དེ་ནི་ནམ་མཁའ་ལ་འབྲེལ་བ་ཁྱོན་ནས་མེད་ཀྱང་། གཙང་པོ་ཡིས་རྟག་པར་ནམ་མཁའ་ལ་སྡིགས་ཚིག་འཐེན་པར་གདོན་མི་ཟ།

སྔོན་ཆད་ཅིག་ལ། ཟླ་བས་ཐུར་ལ་དཔྱངས་པའི་འོད་ཟེར་དེ་དག ། ཁྱོད་ཀྱི་འཇིག་རྟེན་ལ་རྟག་པར་འཕྲོས་ཀྱང་ཡི་ག་འགགས་པའི་ནད་པ་ལྟར་དེ་ལ་དོ་སྣང་ཕྲ་ཙམ་ཡང་མ་བཟོས་པར། ཆུ་མིག་དགུ་བསྒྲིལ་གྱིས་བསླས་པའི་འུར་ཆ་དེ་སྐེད་དུ་དྲངས་ནས་རི་ལ་ཆས། རླུང་བུ་ཙག་རླུང་གི་ཚུལ་གྱིས་ལྡང་ཞིང་། ཁ་བ་བུ་ཡུག་གི་ཚུལ་གྱིས་བབས་ནའང་ཁྱོད་ཀྱི་ལུས་ཕུང་ལས་རླངས་པ་འཇོ་ལོ་ལོ་བྱས་ཏེ་ཕྱོགས་བཞིར་མཆེད་ཅིང་གྲང་ངར་གྱིས་བཏུལ་བར་མ་ནུས། ནམ་ཞིག་ཏུ་ཁྱོད་རང་ཡིད་ཁམས་ཁུ་སིམ་གྱིས་འཚོ་བཞེས་གནང་ཐུབ་བམ།

རེ་བ་ནི་ཞེན་ཆགས་དང་བརྩེ་དུང་ཡིན་ཏེ། འཐམ་འཁྱུད་ཀྱི་རྣམ་པ་ཆེས་ཆེར་མེད་ཀྱང་མི་མངོན་པའི་གཏིང་རིམ་དུ་བརྗེད་མི་ཆོག་པའི་ཚུལ་གྱིས་གནས་ཡོད། དེའི་ཕྱིར་ཟམ་པ་རེ་རེ་ནི་འབྲེལ་ལམ་རེ་རེ་དང་། དྲན་གདུང་རེ་རེ་ནི་འཇིག་རྟེན་དང་གཞིས་ཀ་རེ་རེ་དང་འདྲའོ། །

སེམས་ཐག་བཅད་རྗེས་ཀྱི་ཞུ་བ་དེ་དག ། ཉམ་ཆུང་བའི་ཁྱི་མོ་ཞིག་དང་འདྲ་བར་རྔ་མ་གུག་ཙམ་གུག་ཙམ་བྱེད་ཅིང་། མིག་ཟུང་ནི་སྙིང་ཉེ་བའི་ཟོལ་གྱིས་བསྲུབས་ནས་འདུག །

ལོ་ཟླ་འདི་ལྟར་རྫོགས་བཞིན་འདུག་ཨང་། ང་རང་ལོ་ངོ་ཉེར་གསུམ་ལ་སླེབས་ཤིང་། ཆེས་མཐའ་མཇུག་གི་མི་ཚེ་དང་བར་ཐག་ཉེ་བའི་ཟོལ་གྱིས་གནས་པའང་སུ་ཡིས་ཚོར། དེ་བས་ཕྱིར་དྲན་རེ་རེའི་ཁྲོད་ནས་ཨ་ཕ་ནི་དྲན་ཤིང་གི་སྡོང་པོ་དང་མཚུངས་ཤིང་། ཡལ་ག་དང་འདབ་ཏོག་རེ་རེའང་འཐོར་བཞིན་ཡོད་པ་འདྲ།



  • ལེ་ཚན་སྔོན་མ།:རང་ནུས་སྐྱོང་ཐབས་སྐོར་གྱི་གཏམ་ཚན་པ་དགུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།