ཟད་མེད་ཀྱི་དབྱར་ཆུ།

བེའུ་ནག།        2023-02-16

དྭངས་གཙང་དཀར་གསལ་ཟླ་བ་ཤར་ནས་འཕྲོ། །

ཆུ་སྐྱེས་མེ་ཏོག་པདྨས་འཛུམ་འཛུམ་བྱེད། །

ཤིང་སྡོང་འོག་ནས་བསིལ་གྱིས་ངང་ནས་འབང་། །

མི་འདོད་ཡུལ་གྱི་འཕྲད་པའི་འུག་པ་ངུ་། །

ཆུ་འཛིན་རྒྱ་མཚོ་ཀློང་ནས་རྡུལ་གྱི་ཕྲ། །

འོད་ཟེར་འུག་པའི་སྐད་མདངས་གསེང་ལ་ཤོར། །

རི་ལུང་གཡུ་མདོག་ལྗོན་པ་ས་ལ་ལྷུང་། །

མེ་ཏོག་གེ་སར་བཞད་བགད་སྔོན་ལ་བྲེན། །

ཨ་གསར་རྟ་རྒོད་འཁྲིགས་པའི་སྨིག་རྒྱུ་ཡིས། །

འདོད་མེད་སྨན་ཆུང་ཁྲེལ་བགད་རླུང་ལ་འགྲོག། །

ཆོ་མེད་འཁོར་བའི་གྲོང་ནས་གླུ་གར་འདི། །

རྒྱང་ནས་རྒྱང་དུ་གྱེས་བཞིན་ཕྱིར་བལྟས་བྱས། །

བསྲེས་བསྲེས་རླུང་གི་འཁོར་ཚོགས་འདུ་མའི་ཁྲོད། །

རྟ་བདུན་དབང་པོ་ནུབ་རི་རྩེ་ནས་བཞུད། །

བསིལ་འཇམ་སིལ་སིལ་དཀྲོལ་ནས་མེ་ཏོག་བཀྲ། །

ས་སྲོད་དམར་པོའི་དྲན་པ་རྒྱང་ལ་ཤོར། །

ཐང་ཆེན་ཕ་མཐའ་རྒལ་བའི་གསང་མདོ་ནས། །

གཞན་ཟེར་གྲོགས་སུ་འདབ་པའི་འཁོར་བའི་མི། །

སྲིན་བྱས་སྨྲེ་ངག་རྒྱང་བཞུད་མགྲོན་ལ་བསྐུར། །

མེ་ཏོག་ནམ་ཟླ་སྐྱོ་པོ་གླིང་ལ་མགྲོན། །

ཆར་པ་སིལ་སིལ་འབབ་པའི་འབྲོག་ཐང་ནས། །

ཀ་ཁའི་གདུང་འབོད་ལྷོ་བཞུད་སྤྲིན་ལ་སྐུར། །

སྤྲིན་པ་དཀར་པོས་རླུང་བུ་གང་སར་དེད། །

སྤྲིན་པ་ལྷོ་རུ་བཞུད་པའི་སྨོན་ལམ་འདེབས། །

གངས་རྒྱུན་ཁྲག་གི་རི་མོ་བྲག་ལ་བྲིས། །

དམར་པོ་གྲུ་འཛིན་རི་བོ་ཁྲོས་ཙམ་གྱིས། །

སྲིད་པ་འཛམ་གླིང་འགུལ་བའི་བྲག་ཆ་ལ། །

བསིལ་ལྡན་ཁ་བའི་བཙན་པོ་སྒང་ལ་མཐོ། །



  • ལེ་ཚན་སྔོན་མ།:གདུང་བ་གླུ་རུ་དྲངས་པའི་མགུར།
  • ལེ་ཚན་རྗེས་མ།:རྒྱང་མགུར་མི་ལའི་ཞལ་ཐང་།