མུན་པའི་ནང་གི་གསོལ་འདེབས།

ཧྲེང་བུ།        2023-02-10

ལུམྦིའི་ཚལ་ནས་ཉི་མ་བཞིན།།

ཞབས་ལ་མེ་ཏོག་གད་པ་པོ།།

མེ་ཏོག་འདམ་གྱིས་མ་གོས་པ།།

པདྨ་ལྟ་བུའི་སྐུ་ལ་འདུད།།

བརྩེ་བ་ཆེན་པོའི་གོ་ཆ་བགོས།།

ཐབས་ཤེས་ཟུང་གི་མཚོན་ཐོགས་ནས།།

ཉོན་མོངས་གསུམ་ལ་གཡུལ་བཀྱེས་ཏེ།།

རང་སེམས་རང་གིས་འདུལ་བ་པོ།།

ཤཱཀྱའི་དམག་དཔོན་ཁྱོད་ལ་འདུད།།

བདུད་ཀྱི་གྲི་མཚོན་གཙུབ་པ་ཡིས།།

ནགས་ཀློང་ཆེན་པོ་བསྐྱོམས་ན་ཡང་།།

ཏིང་འཛིན་སྤུ་ལོང་མི་གཡོ་བའི།།

ཤེས་རབ་ནགས་ཀྱི་སེང་གེ་སྟེ།།

དཔའ་བོ་ཆེན་པོ་ཁྱོད་ལ་འདུད།།

འདི་ནི་ཀློང་ཆེན་བྱེ་མའི་ཐང་།།

འདི་ལ་མཐའ་བྲལ་མཐའ་ཡང་བདོག།

མཐའ་ནི་སྟོང་ཉིད་ཤེས་རབ་སྟེ།།

ཡང་དག་བདེན་པའི་མཐའ་ཉིད་ལས།།

རྣམ་པར་གྲོལ་བ་ཁྱོད་ལ་འདུད།།

ད་ནི་འཁོར་བའི་གྲོག་རོང་འདིར།།

སྙིགས་མའི་མཚན་མོ་སླེབས་པའི་ཚེ།།

ཉི་མ་ཟླ་བའི་དཀྱིལ་འཁོར་སྟེང་།།

ཡིད་ཀྱི་མཁའ་ལ་ཚེས་པ་མཆོག།

བདག་ནི་སྣང་བའི་མུན་འོབས་ནས།།

དྲངས་པར་མཛོད་ཅིག་བཅོམ་ལྡན་འདས།།



  • ལེ་ཚན་སྔོན་མ།:བུ་མོ་ཞིག་ལ་ཕུལ་བའི་སྙན་ངག་ཚན་པ་གསུམ།
  • ལེ་ཚན་རྗེས་མ།:བསྟོད་པ་དོན་ལྡན་དབྱངས་སྙན།