གནས་ཚང་མེད་པའི་བྱེའུ།

ཀརྨ་སེང་གེ།        2023-02-09

སྐྱེ་འཆི་ཟམ་ཁར་བཏགས་པའི་ལས་ཀྱི་ཁ་ཡིག།

འདི་སྣང་རྟོག་པའི་རླུང་བུས་ཡང་ཡང་བསྐྱོད་དེ།།

མི་ཚེའི་ཤོག་ངོར་ཕབ་པའི་རྒྱ་གྲམ་ནག་པོ།།

ཁོ་བོ་མི་ལུས་ཐོབ་པའི་སྙིང་པོ་ཡིན་འདྲ།།

ཆར་རླུང་དྲག་ཏུ་འབབ་པའི་ས་སྲོད་ཅིག་ཏུ།།

དབྱར་ཁའི་ལྗང་གཞོན་བཞད་པའི་འཇིག་རྟེན་ཡོད་ཀྱང་།།

གད་ཁུག་ཁེར་རྐྱང་ལུས་པའི་བྱེ་འུ་ཆུང་ཆུང་།།

རིང་ནས་གནས་ཚང་བོར་བའི་ལྡོམ་པོ་ཡིན་འདྲ།།

འཚོ་བའི་འཇའ་སྤྲིན་འཁྲིགས་པའི་སྤྱི་ཚོགས་གྲུ་ཁར།།

མཐོང་མྱོང་ཡ་མ་ཟུང་གིས་ཤ་ཐང་ཆད་པའི།།

དགའ་སྡུག་འགྱུར་བག་སྐྱེན་པའི་སོས་ཀའི་གནམ་ངོ་།།

ཁོ་བོའི་ཚབ་མཚོན་བཞག་པའི་སྐྱོ་གར་ཡིན་འདྲ།།

རི་འགོར་སྨུག་སྤྲིན་འཐིབ་པའི་མེ་ཏོག་ལུང་པ།།

བལྟས་ན་སྒྱུ་རྩལ་རྫོགས་པའི་གླིང་ཁར་སྣང་ཡང་།།

སོང་ན་མ་མེད་ཤེ་འུ་རི་སུལ་འཁྱམ་པའི།།

སྐྱོ་མོའི་ལས་དབང་དེ་ནི་བདག་ལ་དབང་འདྲ།།

ལས་ཀྱི་ལམ་ཁ་འཚོལ་བའི་གཤོག་ཟུང་བརྐྱངས་ནས།།

མཚན་སྨག་ཤེད་ཀྱིས་བརྒལ་བའི་དཔའ་གདེང་བཙལ་ཀྱང་།།

ཤིན་ཏུ་ནམ་ཟླ་གྲང་མོས་འཁྱག་ཤི་ཐེབས་པའི།།

ནུས་མེད་བྱེ་འུ་ཆུང་དེ་ཁོ་བོ་ཡིན་འདྲ།།

སེམས་ཀྱི་ཤོག་བྱ་འཕུར་བའི་སྟོང་པའི་དབྱིངས་སུ།།

གཏད་མེད་རྒྱ་ཡན་གྱུར་པའི་རྣམ་རྟོག་གྱོང་ཧྲུལ།།

ཉམས་མྱོང་བརླན་དང་བྲལ་བའི་བསམ་མེད་བུ་ལོ།།

རིགས་དྲུག་གང་དུ་མ་གཏོགས་སོ་སྐྱེ་ཡིན་འདྲ།།

དཀའ་སྡུག་བྲན་དུ་བཀོལ་བའི་སྡུག་རུས་དབེན་པས།།

སྙི་མོ་མི་སེམས་དེ་ལ་ངུ་དགོད་ཁྲི་འབུམ།།

དཔོན་ཆེན་སྐྱེས་ཆེན་ཚོགས་ཀྱིས་ཚོར་ཐབས་མེད་པའི།།

གཉོམ་པོའི་གདུང་བ་འདི་ནི་བཀའ་ཆད་ཡིན་འདྲ།།

  • ལེ་ཚན་སྔོན་མ།:ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་ལ་བསྟོད་པ་ཕུལ་བྱུང་མ་བཞུགས་སོ།།
  • ལེ་ཚན་རྗེས་མ།:ལང་ཚོའི་སྐྱོ་གར།