ནམ་གུང་གི་ཆར་བ།

ཁ་བ་སྨྱུག་འཛིན།        2023-01-17

ཤག་སྒྲ་ཆེན་པོས་ཡིད་ཀྱི་རྣ་བ་དཀྲོགས།།

ཟླ་བའི་གོང་བུ་མུན་པའི་མཚོ་ལ་ཟགས།།

རི་ལ་བཞད་པའི་ནགས་ཀྱི་མེ་ཏོག་ཀུན།།

ཟིལ་བ་ཁྲོམ་མེར་མགོ་བོ་བྲང་ཁར་སྨད།།

སྒེའུ་ཁུང་འགྲམ་གྱི་གློག་འོད་ཟར་ཟིར་གྱིས།།

ཁོ་བོའི་མིག་གི་སྲིན་བུ་མེ་ཁྱེར་བསླུས།།

ཆར་སྤྲིན་ལང་ལོང་རྣ་བའི་ཨུ་ཁུང་དུ།།

རླུང་བུས་ཡར་ཡར་དེད་པའི་ན་ཟུག་གིས།

སེམས་ཀྱི་རི་ལ་སྨུག་པའི་དར་ཐག་བརྐྱངས།།

དེ་ནི་འཁོར་བའི་ནང་གི་འོད་ཟེར་ཡིན།།

སྙན་ངག་ཡོམ་ཡོམ་གཡོ་བའི་རྒྱ་མཚོ་ཡིན།།


  • ལེ་ཚན་སྔོན་མ།:ཀུན་རྟོག་ཚོར་བས་སྐྱོམ་པའི་སེམས་གཞས།
  • ལེ་ཚན་རྗེས་མ།:རྒྱང་རིང་དུ་གྱེས་པའི་ཟླ་བོ།