མི་ཚེ་དབྱངས་ལ་བསྟར་བ།

དྲང་མདས།        2023-01-13

མཐོང་ན་སྐྱིད་ལ་སྤྲོ་བའི་རྣམ་པ་ཞིག་འདུག་ཀྱང་། །

འཕྲད་ན་ལུས་སེམས་ངལ་བའི་རྒྱུ་རྐྱེན་རེ་མངའ་བའི། །

འཇིག་རྟེན་འཚོ་བའི་ཕྱི་ནང་བར་གསུམ་ལ་བསམ་ཡང་། །

སྙིང་པོ་འདི་རེད་དེ་ཅེས་རྙེད་པ་ཅིག་མི་འདུག །

ཁ་ནས་བདེན་གཏམ་འདབ་མའི་ལོ་མ་དེ་ཡག་ཀྱང་། །

ཁོག་ན་རུལ་བའི་རང་འདོད་རྩ་བ་དེ་མཐོང་ཚེ། །

མི་འདོད་བཞིན་དུ་ཁོ་བོའི་ནང་སེམས་ཀྱི་ཤོག་ངོར། །

མ་བྲིས་ཞེན་ཁ་ལོག་པའི་རི་མོ་ཞིག་དོད་སོང་། །

ཆེན་པོའི་ཐོབ་ལ་མ་བསམ་དབེན་གནས་ཤིག་དྲན་ཡང་། །

ལུས་སེམས་དེ་ལས་རྒྱང་གི་གྲོང་ཁྱེར་དུ་ལྷག་པའི། །

ང་ཡི་མི་ཚེ་སྐྱོ་ངལ་ཁུར་པོ་ཡིས་མནན་པ། །

མཐོང་ན་རང་གིས་རང་ལ་ཡི་ག་རེ་ཆད་ཨང་། །

གཞན་ལས་ལྷག་པའི་རྣམ་དཔྱོད་ང་རང་ལ་མེད་ཀྱང་། །

བརྩོན་འགྲུས་མ་བྱས་མ་འབད་ཉི་མ་རེ་མེད་པར། །

ཉི་ཤུའི་ལང་ཚོ་ཟད་ཀྱང་འགྱོད་པ་རང་མེད་ཅེས། །

རང་གིས་རང་ལ་གདམས་པའི་དམ་ཚིག་དེ་དང་པོ། །

མི་སེམས་མགུ་ཐབས་མེད་པ་ཞབས་མེད་ཀྱི་ཁུག་སྟོང་། །

དེ་དང་ཅི་ནུས་བསྟུན་པ་བསམ་མེད་ཀྱི་བྱིས་བློ། །

དྲང་ཞིང་བདེན་པའི་འཚོ་ལམ་སུ་ལ་ཡང་དབང་བས། །

ང་རང་རང་གི་གཤིས་དང་མི་འགལ་བར་འགྲོ་འོ། །

རེ་དོགས་ཆགས་སྡང་ཁྲོད་ན་སུ་ཞིག་རང་མེད་ཨང་། །

ང་སྙམ་རེ་བ་མེད་པ་གཞོན་ཚོགས་སུ་ཡོད་དམ། །

ཕྱུག་པོ་ནོར་གྱི་སླད་དུ་བྲེལ་བས་ན་མི་ཁོམ། །

སྤྲང་པོའི་མི་ཚེ་འདི་ལྟར་མི་རྫོགས་པར་ཅི་བྱ། །

ཆོས་པ་ཆོས་པའི་ས་ན་འཚོ་བ་དེ་རོལ་ཞིང་། །

ཁྱིམ་པ་ཆུང་མའི་རུམ་ན་བརྗོད་མེད་ངང་ཉལ་ཞིང་། །

མི་ཚེ་མི་རེའི་ཁ་ན་མི་འདྲ་བར་འཚོ་བས། །

མི་ཞེས་བྱ་བའི་མི་ཚེ་འདི་ལྟའི་ངང་རྫོགས་སམ། །


  • ལེ་ཚན་སྔོན་མ།:རྨི་ལམ་གྱི་མཚན་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།