དབྱངས་རྟ།

རྫ་ཤུལ་བློ་བཟང་།        2022-12-21

འཁོར་བའི་སྒྱུ་འཕྲུལ་གྱི་གར་སྟབས་བོར་བའི། །

བསམ་གཏན་སྤྱིལ་ཆུང་གི་གཞིས་ཤག་ཆུང་ཆུང་། །

རྣལ་འབྱོར་ངེས་འབྱུང་གི་མེ་ཏོག་འཁྲུངས་ས། །

ལྷིང་འཇགས་དབེན་ཁྲོད་ཀྱི་གནས་ཁང་ཧྲུལ་པོ། །

སྐྱོ་ཤས་མུ་ཏིག་གི་རྨུ་ཐག་ཕྲ་མོ། །

སེམས་ཀྱི་གཏིང་རུམ་ནས་ཡོངས་སུ་སྤྲས་ན། །

ཉམས་མགུར་དྲུག་འགྱུར་གྱི་དབྱངས་རྟ་སྙན་མོས། །

མ་བཅོས་ཚིག་ཚོགས་ཀྱིས་བླ་མཁར་བརྩིགས་ཆོག །

ཚོགས་དྲུག་སྣང་བ་ཡི་སྣ་ལྔའི་ཁ་དོག །

འདུ་འཛི་མི་ཚོགས་ཀྱི་སྐྱོ་གར་བལྟས་ནས། །

སྙིང་ཆུང་དངུལ་དཀར་གྱི་རི་མོ་གསལ་ལེ། །

དྲན་པའི་མགུར་ཆུང་གི་གདངས་དབྱངས་སྙན་པ། །

མི་ཚེ་ཐེངས་གཅིག་གི་སྤོས་ཐུར་ཉག་མ། །

སྐྱིད་སྡུག་རླུང་ཁྲོད་ཀྱི་འཇག་སྐྱ་ཐེད་པོ། །

བརྩེ་འདང་སྦྲང་རྩི་ཡི་བཅུད་ལ་རོལ་བ། །

འཁོར་བའི་རྣམ་ཤེས་ཀྱི་རྨི་ལམ་རྨིས་འདུག །

རྣམ་རྟོག་རྟ་རྒོད་ཀྱི་རྒྱུགས་འདུར་མང་ཡང་། །

སྙན་ཚིག་མེ་ཏོག་གི་རྒུམ་འབུ་འཐུ་ཆོག།

ཚོར་བའི་གཞིས་ཁྱིམ་ན་སྤྲོ་སྐྱིད་མེད་ཀྱང་། །

བསླུ་བྲིད་ཚིག་ཚོགས་ཀྱིས་སྐྱོ་བ་སེངས་ཐུབ ། །

སྡུག་བསྔལ་མེ་སྟག་གི་སྐར་མདའ་ཆད་སོང་། །

ཕྱི་མའི་ས་མཚམས་ནས་བརྒལ་དགོས་བྱུང་ཡང་། །

འཇིགས་སྣང་སྤུ་ཉག་གི་རྡུལ་ཙམ་མེད་པས། །

འཇིགས་མེད་ང་རོ་ཡི་རང་སྒྲ་སྒྲོག་ཆོག །

མ་སྐྱེས་ཨ་མ་དེ་བྱམས་པ་གཤིས་ཡག །

ཡིད་འོང་ཉམ་ཆུང་གི་ཆུང་འདྲིས་འཛུམ་ཡག།

དྲན་པ་གཡུ་ཆུང་གི་དཀྱིལ་དུ་སྒོམ་པའི། །

འཕྱངས་རྒྱས་ཟླ་སྒྲོན་གྱི་ཐ་སྙད་གཉིས་པ། །

ཚངས་མགུར་སྙན་འཇེབས་ཀྱི་དུང་ཚིག་རེ་རེས། །

འཁོར་བའི་ནས་ཆང་གིས་དབང་མེད་བཟི་སོང་། །

འཁོར་འདས་ཆོ་འཕྲུལ་གྱི་ཟློས་གར་ཡོངས་རྫོགས། །

མ་ལྷག་དྲན་ངོས་སུ་ཇི་བཞིན་བསྒོམ་ཡོད། །

  • ལེ་ཚན་སྔོན་མ།:དབེན་ཁྲོད་ཀྱི་ངུར་སྨྲིག་པ།
  • ལེ་ཚན་རྗེས་མ།:བརྩེ་བའི་ལམ་གྲོགས།