ང་ཡི་འཇིག་རྟེན་སྐྱ་བོ།

ཁ་བ་སྨྱུག་འཛིན།        2022-12-09

བསགས་པའི་བསོད་ནམས་ཕྲ་བའི།།

འབྱོར་མེད་ཐ་ཆུང་ང་ཉིད།།

ལས་ཀྱིས་དབང་ཆ་ཞན་པས།།

དྲག་པོའི་རྐན་སྒྲ་བཀུར་བའི།།

ཅི་ཞིག་སྒྲུབ་པ་ཨེ་མཚར།།

གང་ཞིག་འགྲུབ་པ་མེད་པའི།།

མཐོན་པོ་ལྷ་གྲལ་མི་ཚུད།།

དམའ་མོ་འདྲེ་རིམ་མི་ཆུད།།

ངག་གི་སྙན་པའང་འབོར་བའི།།

ཅང་མེད་འཁྱམ་པོ་ཤ་ཚ།།

དུས་ཚིགས་འགུལ་སྐྱོད་བར་གྱི།།

ལ་ཁའི་དར་ལྕོག་ང་ཉིད།།

སོང་སོང་ཕ་རོལ་གན་ན།།

སིམ་པའི་ལྟད་མོ་བཤམས་ཏེ།།

ཡོང་ཡོང་སྲིད་པའི་ཐང་ན།།

མྱ་ངན་རྐང་གླིང་འབུད་ཀྱང་།།

གཏན་གྱི་གྲོགས་པོ་མ་རྙེད།།

དོན་གྱི་དངོས་གྲུབ་མ་ཐོབ།།

ག་འགྲོ་ཞབས་རྗེས་མེད་པའི།།

མི་ཡུལ་མགྲོན་པོ་ལས་ངན།།

ཞེན་པ་ལྷུན་པོ་གྲུབ་ཡོད།།

ཁ་མིག་ཕར་ལ་འཁོར་འཁོར།།

བརྩེ་བ་རྒྱ་མཚོ་འཁྱིལ་ཡོད།།

ཟུར་མིག་རན་པ་མ་གནང་།།

དུང་བ་ལྷད་མེད་གསེར་པོ།།

སྙིགས་མའི་དོང་ལ་འབྱིང་སྟེ།།

མ་བྲིས་གསལ་ལེ་དེད་པའི།།

ལས་ཀྱི་ཨ་ཡིག་རང་བྱོན།།

ཁྲེལ་མེད་རྡོག་པས་བརྫིས་ཏེ།།

དྲན་པའི་མཚོ་མོ་སྐམ་ཐལ།།

སྲིད་ཞིའི་མཐའ་རུ་ཞུགས་པའི།།

གོ་མེད་ཤེས་སྡུག་ང་ཉིད།།

སྙན་པ་བསྔགས་པར་སྤྲོ་ཞིང་།།

སྨོད་གཏམ་ཐུབ་ཚོད་སུན་པའི།།

སྡུག་དང་རྔུལ་ཆུ་སྲེ་ཞོར།།

མི་ཚེའི་འགྲིམ་ལམ་བརྒལ་ཏེ།།

རྨོངས་པའི་སྨག་པ་སེལ་བའི།།

སེམས་ཀྱི་འཁྱག་པ་སེལ་བའི།།

ཐུན་མོང་གཙུག་གི་མགོན་པོ།།

རྒྱལ་བ་ཉིད་ལ་འདུད་དོ།།

  • ལེ་ཚན་སྔོན་མ།:སྙན་ཚིག་ཐ་ལ་ལ་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།