སྙན་ངག་ཕྲིས།

གྱིན་འདའ་བ།        2022-12-09

སྙན་ངག་འཁོར་བའི་གྲོང་ནས་མཐར་གྱིས་ཕྲིས།།

འཁོར་འདས་དབར་གྱི་ཀུན་རྫོབ་གཉི་ཀ་ཕྲིས།།

བྲིས་པའི་ངོ་བོར་སྟོང་ཉིད་ཡིན་པ་ཕྲིས།།

སྣང་སྲིད་ཐམས་ཅད་སེམས་ཉིད་ཡིན་པ་ཕྲིས།།

སྙན་ངག་སྲིད་པའི་སྒང་ནས་ཟུལ་གྱིས་ཕྲིས།།

སྐྱེ་རྒ་ན་འཆིའི་རེ་རེའི་སྡུག་བསྔལ་ཕྲིས།།

བྲིས་པའི་གསེང་ནས་སྐྱོ་ཆས་སྐྱེས་པ་ཕྲིས།།

རིགས་དྲུག་འཁོར་བའི་ངོ་ཏི་ཞིབ་ཏུ་ཕྲིས།།

སྙན་ངག་མི་ཚེའི་ཁྲོད་ནས་ཅམ་གྱིས་ཕྲིས།།

མི་ཚེའི་བཤུལ་ལམ་རིང་མོར་སྦྱར་ནས་ཕྲིས།།

བྲིས་པའི་ཚིག་ལ་སྔ་གཞུག་ཡོད་པ་ཕྲིས།།

སྐྱེ་བ་གཅིག་གི་གཏམ་རྒྱུད་གསོང་པོར་ཕྲིས།།

སྙན་ངག་ཚོར་བའི་གསེང་ནས་ཡུན་གྱིས་ཕྲིས།།

ཚོར་བ་སེམས་ཀྱི་མངའ་དུ་སྦྲུམ་ནས་ཕྲིས།།

བྲིས་པའི་མདངས་ལ་ཁ་དོག་ཡོད་པ་ཕྲིས།།

གཞན་གྱི་ཀུན་རྟོག་རབ་ཏུ་སྐྱོམ་པ་ཕྲིས།།

སྙན་ངག་བས་མཐའི་ཚལ་ནས་བགས་ཀྱིས་ཕྲིས།།

བས་མཐའི་སྐྱེ་དངོས་ཀུན་ཡང་བཀུག་ནས་ཕྲིས།།

བྲིས་པའི་དབྱངས་ལ་བསླུ་བྲིད་ཡོད་པ་ཕྲིས།།

རི་སྐྱེས་རི་དྭགས་གྲོགས་སུ་འཁོར་བ་ཕྲིས།།

སྙན་ངག་མཚན་མོའི་རུམ་ནས་དལ་གྱིས་ཕྲིས།།

མཚན་མོའི་ལྷིང་འཇགས་རེ་རེ་སེམས་ཀྱིས་ཕྲིས།།

བྲིས་པའི་ཉམས་ལ་འོད་གུར་ཕུབ་པ་ཕྲིས།།

རྒྱུ་སྐར་ཉེར་བརྒྱད་རེ་རེ་གསལ་བར་ཕྲིས།།

སྙན་ངག་སེམས་ཀྱི་ཁོངས་ནས་ལྷོད་ཀྱིས་ཕྲིས།།

སེམས་ཀྱི་རྟོག་ཚོགས་བརྒྱད་ཅུ་སོ་སོར་ཕྲིས།།

བྲིས་པའི་གསེང་ལ་དགའ་སྐྱོ་ཡོད་པ་ཕྲིས།།

མི་ཚེ་གཅིག་གི་ལོ་རྒྱུས་ཚང་བ་ཕྲིས།།


  • ལེ་ཚན་སྔོན་མ།:བློས་བསླངས་ནང་གི་འཕགས་མ།
  • ལེ་ཚན་རྗེས་མ།:སྙན་ཚིག་ཐ་ལ་ལ་མོ།