རང་ཁུལ་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་བཙུགས་འདུག།

ཡེ་མགོན་གྱིས་བསྒྱུར།        2022-12-08

གཟུགས་མེད་རིག་གནས་ཤུལ་བཞག་གི་གསོན་ཤུགས་བསླངས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་བྱས།

དཀར་མཛེས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དར་མདོར་འཚོགས།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས།


   སྤྱི་ཟླ12པའི་ཚེས2ཉིན་དཀར་མཛེས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དར་མདོར་འཚོགས་པ་རེད། ཁུལ་ཨུ་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་དཀར་མཛེས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་བཙུགས་པ་དང་། གངས་ལྗོངས་ལག་རྩལ་དཀར་མཛེས་ཁུལ་གྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་འདེམས་སྒྲུག་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་ཐོག་ཁམས་ཀྱི་རིག་གནས་རྒྱུན་འཛིན་བྱེད་མཁན་ཕོ་ཉ།ཁམས་ཀྱི་རིག་གནས་ཁྱབ་སྤེལ་བྱེད་མཁན་ཕོ་ཉ།ཁམས་ཀྱི་ལག་ཤེས་མཁས་ཆེན་བཅུ།ཁམས་ཀྱི་ལག་ཤེས་ཕུལ་བྱུང་པ་བཅས་ཐོབ་མཁན་ལ་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག། སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་དར་སྤེལ་བཏང་བར་སྒེར་སེམས་མེད་པར་བྱས་རྗེས་འཇོག་མཁན་དང་དཀའ་སྤྱད་ཀྱིས་ལས་ཀ་སྒྲུབ་མཁན་གྱི་རྒྱ་ཆེ་བའི་རིག་གནས་སྒྱུ་རྩལ་ལས་སྒྲུབ་པ་ཚོརགུས་བཀུར་བླ་ན་མེད་པ་ཞུས་ཤིང་། དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།


   ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཕེབས་པས་མ་ཚད་དཀར་མཛེས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་ལ་སྒོ་བྱང་གནང་བ་རེད།


   ཧྲེན་དབྱང་གིས་བསྟན་དོན། དཀར་མཛེས་ཁུལ་ནི་ངོ་མཚར་ཆེ་ལ་ཡིད་དབང་འཕྲོག་པའི་རིག་གནས་ཀྱི་ཞིང་ས་གཤིན་པོ་ཞིག་ཡིན་ཞིང་། རི་ཀླུང་དང་ཆུ་བོ་ཧ་ཅང་མཛེས་ཤིང་། བློ་གྲོས་ལྡན་པའི་མི་དམངས་ཀྱིས་དམངས་ཁྲོད་རིག་གནས་ངོ་མཚར་ཆེ་བ་གསོ་སྐྱོང་བྱས་ནས་སྣ་མང་རིག་གནས་ཀྱི་ལོ་རྒྱུས་མཚོན་རྟགས་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཁམས་ཀྱི་རིག་གནས་སྤེལ་ཡོད་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་འདི་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་དགོས་པའི་ཆོད་གཏམ་གལ་ཆེན་བཏོན་པར་བརྟེན། རིག་གནས་གདེང་ཚོད་ཀྱི་རང་སྟོབས་འཕེལ་བར་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་འབར་རྒྱུའི་བཀོད་སྒྲིག་བྱས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་དེ་སྔར་ཡོད་མ་མྱོང་བའི་ལོ་རྒྱུས་ཀྱི་མཐོ་ཚད་དུ་བཞག་ནས། ང་ཚོས་དཀར་མཛེས་ཁུལ་གྱི་རིག་གནས་བྱ་གཞག་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་ཡོད་པ་རེད། ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་དང་རྒྱ་ཆེ་བའི་རིག་རྩལ་ལས་སྒྲུབ་པས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་བླངས་ཤིང་། ཐོག་མཐའ་བར་གསུམ་དུ་རིག་གནས་ཀྱི་གདེང་ཚོད་བརྟན་པོ་དང་རིག་རྩལ་ལ་བརྟེན་ནས་མི་རིགས་ཀྱི་སྙིང་སྟོབས་ཆེར་བསྐྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་ནས་དགེ་མཚན་ལྡན་པའི་རིག་རྩལ་གྱིས་མི་དམངས་ལ་བསྔགས་བརྗོད་བྱེད། ཐོག་མཐའ་བར་གསུམ་དུ་གསར་གཏོད་བྱེད་ཕོད་པ་བྱས་ནས་རྩེར་སོན་གྱི་སྒྱུ་རྩལ་གྱིས་རིག་གནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་།ཐོག་མཐའ་བར་གསུམ་དུ་སྒྱུ་རྩལ་གྱི་ཕུགས་འདུན་བརྟན་སྲུང་བྱས་ནས་ཡ་རབས་རིག་རྩལ་གྱིས་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་འཕེལ་རིམ་གསར་པར་བྱས་རྗེས་གསར་པ་འཇོག་པར་ཁྲིད་སྟོན་བྱེད་གང་ཐུབ་བྱ་དགོས།

   ཧྲེན་དབྱང་གིས་ནན་གསུང་གནང་དོན། སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་སྐྱོང་རང་བཞིན་གྱི་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། ངར་ཤུགས་སློང་བའི་བྱེད་ཐབས་གཏན་འཁེལ་བྱས་ཏེ་མི་རིགས་དམངས་ཁྲོད་ཀྱི་རིག་གནས་སྔོག་འདོན་དང་རྒྱས་བཤད། སྲུང་སྐྱོང་རྒྱུན་འཛིན། གསར་སྤེལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ལས་ཀྱི་ཁྲོམ་གཞུང་ཁག་གཅིག་གཏོད་རྒྱུར་རྒྱབ་སྐྱོར་བྱས་ནས་ལག་ཤེས་བཟོ་རྩལ་གྱིས་མང་ཚོགས་ཀྱི་ཡོང་འབབ་སྤར་བར་སྐུལ་ཁྲིད་དང་ཡུལ་སྡེ་དར་རྒྱས་གཏོང་བར་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་སློང་གི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས། དུས་རབས་ཀྱི་བླང་བྱ་དང་མཐུན་པ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་མཚོན་པའི་རིག་གནས་སྤུས་རྟགས་བཏོད་ནས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་གསར་རྩོམ་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ལག་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སྤུས་རྟགས་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་པ། བརྩམས་ཆོས་རྩེ་གྲ་ཅན་ཁག་གཅིག་གསར་རྩོམ་བྱེད་པ་བཅས་བྱས་ནས་རིག་གནས་ཤུལ་བཞག་དེ་བས་མང་པོ་གསོན་ཉམས་དོད་པོ་ཡོང་དུ་འཇུག་དགོས། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་ནས་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་མ་སྐུལ་དང་བླངས་ཀྱིས་རྒྱལ་སྤྱི་དང་རྒྱལ་ཁབ་ནང་ཁུལ་གྱི་ཚོང་དོན་འཁོར་རྒྱུག་ཆེན་པོའི་མ་ལག་ནང་བཞག་པ་དང་། ས་གནས་རང་ཉིད་ཀྱི་རིག་གནས་ཁེ་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་ཁུལ་ཕྱིའི་ཁེ་ལས་ཡག་པོ་ནང་འདྲེན་བྱས་ནས་མཐུན་ཚོགས་ཀྱིས་རྐང་འཛིན་དང་རིགས་སྣ་ཚོགས་ཀྱི་རིག་གནས་ཁེ་ལས་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏང་དགོས།

   ཧྲེན་དབྱང་གིས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་ཀྱིས་ནང་ཁུལ་གྱི་དོ་དམ་དང་འཁོར་སྐྱོད་ནང་རྐྱེན་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་བཏང་ནས་མཐུན་ཚོགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་དགོས། འབྲེལ་ཟམ་གྱི་སྦྲེལ་ཐག་དང་ཇུས་འདོན་ལས་རོགས་ཀྱི་ནུས་པ་ཆེན་པོ་གཉིས་དང་ཞབས་ཞུ། མཐུན་སྦྱོར། རོགས་རེས་བཅས་ཀྱི་འགན་ནུས་ཆེན་པོ་གསུམ་འདོན་ཞིང་། ལག་ཤེས་སྒྱུ་རྩལ་ཐོན་རྫས་ལས་རིགས་སྤེལ་རེས་དང་དྲིལ་བསྒྲགས། དབྱེ་འབྱེད་ར་སྤྲོད་ཁྱབ་གདལ།གསར་རྩོམ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྤེལ་ཏེ་མཐུན་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་དང་གསར་གཏོད་བྱེད་ནུས་ཇེ་དྲག་ཏུ་གཏང་དགོས། རྒྱ་ཆེ་བའི་ཚོགས་མི་དང་རྒྱ་ཆེ་བའི་རིག་རྩལ་ལས་སྒྲུབ་པའི་ཧུར་སེམས་རང་བཞིན་ངར་སློང་གང་ལེགས་བྱས་ནས་སྒྲིག་གཞི་ལུགས་མཐུན། ཁྱད་ཆོས་མངོན་གསལ་དོད་པའི་སྒྱུ་རྩལ་གསར་རྩོམ་དཔུང་སྡེ་ཞིག་འཛུགས་གང་ཐུབ་བྱ་དགོས། ཤེས་བྱའི་བློ་སྦྱོང་ལྡན་པ། ཤེས་བྱའི་རྨང་གཞི་ཟབ་མོ་ལྡན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་དཔུང་སྡེ་ཞིག་འཛུགས་དགོས། ཕ་ཡུལ་ལ་དགའ་ཞེན་དང་རིག་གནས་ལ་དགའ་ཞེན་ཡོད་མཁན་གྱི་དོ་དམ་ཞབས་ཞུའི་དཔུང་སྡེ་ཞིག་བཙུགས་ནས ས་ཁོངས་ཡོངས་སུ་དངོས་མང་བཤམས་སྟོན་ཁང་ཡོད་པའི་ཁུལ་ཞེས་པ་བཙུགས་ནས་དཀར་མཛེས་ཁུལ་ཉིད་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་སྐྲུན་པར་བྱས་རྗེས་དགེ་མཚན་ལྡན་པ་འཇོག་དགོས་ཞེས་ཐུགས་རེ་གནང་བ་རེད།

   ཚོགས་འདུའི་ཐོག་གཟི་བརྗིད་མཚན་སྙན་ཐོབ་པའི་འཐུས་མིར་བྱ་དགའ་སྤྲད་པ་རེད།

   ཁུལ་གྱི་མགོ་ཁྲིད་ཝང་ཡུས་ཆང་དང་རེན་ཆེན། ཡན་ལེ། ལིའུ་ཙུང་ཅན། ལིའུ་ཧུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཚོགས་འདུར་ཞུགས་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གྲོང་ཁྱེར་དང་རྫོང་འདི་ཚོ་ལ་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།