བློས་བསླངས་ནང་གི་འཕགས་མ།

ཇེང་།        2022-12-09

ཞེ་མ་བཅོས་འཛུམ་མའི་ལྡིང་ཁང་ན། །

ཞལ་ཟླ་བའི་དཀྱིལ་འཁོར་གསལ་ལེ་ཚེས། །

ལུས་ལྷུ་དྲུག་པད་མའི་འཇོ་སྒེག་ཅན། །

མིག་ཁྲ་ཆུང་བར་གྱི་རབ་མཛེས་མ། །

ཁྱོའི་མཛེས་བྱེད་རྒྱུ་སྐར་འོད་ལམ་ལམ། །

མ་མཁའ་འགྲོ་འབུམ་གྱི་གཙུག་ན་རྒྱལ། །

ཐུགས་མཁྱེན་དང་བརྩེ་བའི་མདངས་ཀྱིས་ཕྱུག །

ཡིད་དད་པའི་བྱིན་རླབས་རྟག་ཏུ་གཡོ། །

སྐུ་མཐོང་ཐོས་དྲན་རེག་དབྱིངས་སུ་བཏེགས། །

བློ་མུན་པ་སེལ་བའི་དངོས་གྲུབ་སྩོལ། །

ཡུམ་རྗེ་བཙུན་མཚུངས་མེད་ལྷ་ཡི་གར། །

དེ་ངོ་མཚར་འབར་བས་སྙིང་གར་སིམ། །

དབྱངས་རྟེན་འབྲེལ་རི་མོ་རང་བྱོན་ཅན། །

ངག་མགྲིན་པའི་དབང་པོ་རྩ་མདུད་གྲོལ། །

ཕྱག་པི་ཝང་སྙན་འཇེབས་ཁྱེད་ལ་ཐོགས། །

དེས་སྲིད་པ་སྒུལ་བའི་སྒྲ་དབྱངས་རེ། །

སེམས་གདུང་བ་སེལ་བའི་གླིང་བུ་ཡིན། །

འདི་བསམས་ན་དབྱངས་ཅན་ལྷ་ཡང་དྲན། །

ཡུལ་ཚོགས་དྲུག་ཐང་དུ་ལང་ཚོ་བལྟམས། །

མཛེས་ཆ་བྱད་དཀར་དམར་མེ་ཏོག་བཀྲམ། །

བྱམས་དུང་ཞེན་ཚོར་བའི་ཁམས་སུ་བཀླུབས། །

གཏམ་ཚིག་གསུམ་མདུད་པའི་སྒྲུང་ཞིག་བླངས། །

དྲན་མཆི་མས་ཡ་ཆུང་སྙིང་གར་བརླན། །

ཡིད་གདུང་བས་མ་བཟི་སྤྲོ་བར་སྐྱེད། །

མཚན་རྨི་ལམ་སྟོང་གི་བྲག་ཆ་ཞིག །

ལོ་དུ་མའི་ལས་འཕྲོ་གང་གཱའི་རྒྱུན། །

ནང་སེམས་ཉིད་འཁོར་བའི་ཏིང་འཛིན་ངོར། །

འཛུམ་ཉི་ཟླའི་ཚལ་དུ་ཞུགས་པར་བྱེད། །

མཛེས་ཆ་ཤས་ཡིད་འོང་མཆུ་སྒྲོས་དེ། །

ཡིད་སྣ་ཚོགས་སྣང་བ་འདྲེན་པའི་རྒྱུ། །

  • ལེ་ཚན་སྔོན་མ།:བརྩེ་གཞས་སིལ་བུ།
  • ལེ་ཚན་རྗེས་མ།:སྙན་ངག་ཕྲིས།