སྨིག་རྒྱུའི་སྐར་མ་སྨིན་དྲུག

ཚོར་སྦྲང་།        2022-12-07

སྤྲིན་པ་ལྷོ་ལ་བགྲོད་པའི་གཏམ་རྒྱུད་མི་གླེང་།།

རི་དྭགས་རྨས་མ་དེ་ཡི་བརྩེ་སེམས་བརྐུས་སོང་།།

ཉམ་ཆུང་སྟངས་ཀར་དགའ་བའི་རི་དྭགས་དེ་ཡིས།།

འཁྱག་རོམ་གཟེབ་ཏུ་ཚུད་ཀྱང་མིག་ཟུང་མ་བཙུམ།།

མགོ་ལྕོག་གཡོན་པའི་ཟོལ་གྱིས་རྒྱང་མཐའི་ཕྱོགས་ལ།།

བྱམས་ལྡན་གང་ཞིག་དྲན་པས་ནང་སེམས་ལྕི་བ།།

མི་སྨྲའི་བརྟུལ་ཞུགས་འཆང་བའི་ཁེར་རྐྱང་རི་དྭགས།།

རྒྱུས་མེད་གྲིབ་གཟུགས་ཤིག་གིས་ཞེ་སྣང་འཕྲོག་སོང་།།

ཉམས་དགུའི་རོལ་བཅུད་མཁས་པའི་སྐར་མ་སྨིན་དྲུག།

བདེ་སྐྱིད་སྐྱེད་མོས་ཚལ་ན་བཞད་པ་ཡོད་འདྲ།།

ཆགས་སྡང་རླུང་བུའི་གསེབ་ནས་ཉེ་སར་གཅར་ན།།

མ་སྨིན་སྨིག་རྒྱུ་ཙམ་ལས་ཉེ་སར་མི་འདུག།

ཞེ་ལ་མི་བདེ་གནོད་སེམས་ག་ནས་སླེབས་ཀྱང་།།

རྟོག་བཏགས་བློ་ཡི་ངོས་ནས་ཡལ་ཐབས་མི་འདུག།

སྒྱུ་མའི་དབྱངས་རྟ་ལེན་པའི་སྐར་མ་སྨིན་དྲུག།

སྣང་སྲིད་ཅི་ཙམ་བསླུས་ཀྱང་ཞེན་ཆགས་ཇེ་ཆེ།།

ནམ་ཞིག་དབུགས་ཀྱི་རྒྱུ་བས་བྲེལ་ལེན་བྱེད་ཉིན།།

དྲན་པ་ཡིད་ཀྱི་སྒོ་སྲུང་ཁྱེད་ཉིད་ཡིན་ནམ།།

མིག་ཟུང་བཙུམས་ནས་ཡོད་ཚད་རྨེག་པར་འགྱུར་དུས།།

གློ་རྡེག་བཞད་པའི་མེ་ཕུང་ཁྱེད་རང་ཨེ་ཡིན།།

དོ་ཞག་ང་རང་ཁྱེད་ཀྱི་ཕ་ཡུལ་སླེབས་ཡོད།།

ཟླ་འོད་འཛུམ་བཞིན་འདི་རུ་སྐྱེས་པ་དྲན་ན།།

ཟ་ཟིའི་དུད་རླུང་དབེན་པའི་འབྲོག་ཐང་འདི་ནས།།

རྩྭ་ཕྲན་གྲོགས་སུ་བཀུག་ནས་སྙིང་གཏམ་བརྗོད་འདོད།།

མི་རིང་ལས་ཀྱིས་འཕྲད་དམ་སྐར་མ་སྨིན་དྲུག།

ཚེ་ཡི་འདུ་བྱེད་མ་རྫོགས་མཛའ་བར་གནོངས་དང་།།

དུས་ཚོད་རྙིང་སོང་ཁོང་ནས་སེམས་པ་མ་སྨྲེང་།།

མ་རྙིང་བརྩེ་བའི་དཔྱིད་དཔལ་སླར་ཡང་ཚེས་ཆོག།

  • ལེ་ཚན་སྔོན་མ།:ཀ་རྩོམ་རིམས་འགོག་བཟློག་ཆེན།
  • ལེ་ཚན་རྗེས་མ།:བརྩེ་གཞས་སིལ་བུ།