གངས་ཁྲོད་ཀྱི་རྨི་ལམ་ཁག་ལྔ།

སྦྲང་བུ།        2022-12-05

བཀྲ་ཤིས་བུམ་པའི་ནང་དུ།།

དངོས་གྲུབ་བདུད་རྩི་འཁྱིལ་འདུག།

ལས་དབང་སྐར་མའི་ཞིང་དུ།།

སྒྱུ་འཕྲུལ་ཨུཏྤལ་ཆགས་འདུག།

བསོད་ནམས་ངག་གི་མཐའ་ཅན།།

ས་སྲོད་ལ་མོའི་མཚམས་སུ།།

ཚིག་གི་བུམ་པ་དང་ནི།།

དབྱངས་ཅན་ལྷ་མོ་བཞུགས་འདུག།

ཚང་ཚིང་ངག་གི་ལྗོན་པ།།

གཡོ་བའི་རླུང་བུའི་བར་ནས།།

ཀྱུར་ཀྱུར་ངག་གི་སྒྲ་ཆུང་།།

བྱེའུ་ཆུང་ངག་ནས་ཐོས་བྱུང་།།

ཡང་ན་པདྨའི་གདན་དུ།།

ཨ་ཕོ་དོན་འགྲུབ་ཅན་པོ།།

སྲང་ལམ་ནང་གི་འགྲུལ་པ།།

སེམས་པའི་གན་དུ་སྦྱར་འདུག།

བདེན་པའི་ཚིག་ཏུ་སྨིན་པའི།།

གྱ་གྱུ་ངག་གི་བཞུད་ལམ།།

ཆོ་འཕྲུལ་དཔག་བསམ་ཤིང་ལ།།

ལོ་མ་དབྱངས་ཅན་མ་དང་།།

ངག་ལ་སྨིན་པའི་འདུན་པ།།

ཚེ་རབས་གོང་གི་གཡུ་ཆུང་།།

རྙེད་པ་དེ་དང་འདྲ་བྱུང་།།

གཞས་ཆུང་བཀུག་ན་ལོས་ཆོག།

མེ་ཏོག་ཁ་སིམ་ཅན་པོ།།

འགྲམ་དང་གན་དུ་ཡོད་ཚེ།།

རྣམ་རྟོག་ཚིག་གི་རྣ་ལུང་།།

བདག་ལ་གཏད་པ་མ་གནང་།།

གཡོ་བའི་དོན་དུ་སྨིན་པའི།།

ང་ཡི་ནང་སེམས་དྭངས་མ།།

དབྱར་གསུམ་ཆར་བའི་ཀློང་དུ།།

སྨོན་ལམ་གཞུང་གི་སྐད་ཆ།།

ཁྱོད་ལ་ལན་གསུམ་ཞུ་ཆོག།

ཡང་ན་འཛུམ་ཆུང་དགོད་པའི།།

འཕྲིན་པ་སྣང་བ་མཐའ་ཡས།།

ཚིག་གི་དྲེག་པ་མེད་ཚེ།།

མོས་པའི་གདོང་དེ་བྲིས་ཡོད།།

  • ལེ་ཚན་སྔོན་མ།:བརྩེ་གཞས་རླུང་འགྲོག་མ།
  • ལེ་ཚན་རྗེས་མ།:སྟོན་ཟླ་མཐའ་མ།