གློ་བུར་བའི་འཆར་ ཡན་རབ་རིབ།

ལྡེའུ་ནག།        2022-11-21

ཅི་ཡང་དྲན་ལ་ཅི་ཡང་མི་དྲན་པའི་དུས་སུ་

ངས་ཉི་འོད་འོག་ནས་ལག་པ་ཁྱོད་ཀྱི་

ཕྱོགས་སུ་བསྲིངས།

ཞེ་འདང་གིས་གྲུབ་པའི་ལོ་ཟླ་དེ་དག།

བདག་ལ་མཚོན་ན་ཨུ་དུམ་ཝ་ར་ཞིག་གིས་

མཚོན་ཐབས་མི་འདུག།

ཕྱོགས་བཞི་མཚམས་བརྒྱད་ནས་རླུང་

བུ་སྤུར་སྐབས།

ངས་ཁུ་སིམ་གྱི་དྲན་པ་ལྷིང་འཇགས་ཀྱི་

རླུང་ལ་བསྐུར་ཡོད།

དེ་དུས་ཁྱོད་རང་མཚོན་མདོག་གིས་མ་

བཅོས་པའི་རི་མོ་ཞིག།

ཉི་འོད་གཉོམ་པོ་ཞིག་གསལ་ལ་མི་གསལ་བའི་

ངང་དུ་རྒྱང་རིང་གི་གནམ་མཐའ་ནས་ག་ལེར་

བདག་གི་ཕྱོགས་སུ་འཕྲོས།

རིམ་བཞིན་ལོ་ཟླའི་སྒལ་གཞུང་ནས་འོད་ཟེར་

ཆེ་ནས་ཆེ་རུ་སོང་སྟབས།

ད་ལྟ་ང་ཡི་ས་གཞི་རུ་དྲོད་འཇམ་གྱི་མེ་

ཏོག་བཞད་པར་གྱུར།

ལྷུང་དུ་བཞུར་བའི་གཙང་པོའི་ངོགས་ནས་

ངས་དྲན་གདུང་གི་འཕྲིན་ཡིག་མང་པོ་

ཞིག་ཤོག་བྱར་བཟོས།

ཤོག་བྱ་ལ་ལ་ནམ་མཁའི་དབྱིངས་སུ་བཏང་།

ཤོག་བྱ་ལ་ལ་གཙང་པོའི་གཞུང་དུ་བསྐྱལ།

དེ་ནི་བདག་གི་མ་བཅོས་ཀྱི་བརྩེ་སེམས་

རྣམ་དག་ཅིག་ཡིན་ལ།

དེ་ནི་བདག་གི་གནས་སྐབས་ཀྱི་འཚོ་བའང་ཡིན།


  • ལེ་ཚན་སྔོན་མ།:མཚོ་སྔོན་པོ།
  • ལེ་ཚན་རྗེས་མ།:སྙིང་ལ་ཉེ་བའི་མི།