བར་སྐབས་ཤིག་ལ།

རྨོག་ཐང་དཀར།        2022-11-14

བརྩེ་ཆེན་ཨུཏྤལ་སྔོན་པོའི་ཡང་སྟེང་གི།

ཤེལ་དཀར་འདབ་མའི་ཟེའུ་འབྲུ་མ་ཉམས་ན།།

རྗེས་ཆགས་བརྟན་པ་གཡོ་བའི་གུར་ཁང་ནས།།

རང་གི་མིག་འོད་རྟ་རྔ་ཙམ་པོ་དེ།།

འོད་ཀྱི་ཀ་བའི་གདན་ལ་ཡང་ཡང་བཞེངས།།

དེ་ལ་ལས་ཀྱི་ལྷན་པ་ཅི་ཞིག་གིས།།

ཁེབས་པ་མེད་ཅེས་སུ་ཡིས་བསྙོན་པར་འགྱུར།།

བདག་གི་སེམས་ཆུང་གཡུ་ལོའི་དགའ་ཚལ་ན།།

ལྷ་མོ་འཛུམ་ཆུང་ཅན་དེ་རྣམ་ཀུན་ཏུ།།

གཅེས་ཤིང་འཛུམ་པའི་ཟོལ་གྱིས་འོང་ལུགས་ལ།།

རེ་ལྟོས་རྨི་ལམ་མཚར་པོས་ཡང་ཡང་བསྙབས།།

གསེར་སྦྱངས་གདུ་བུ་སིལ་སིལ་འཁྲོལ་བའི་སྒྲ།།

གར་གྱི་སྤྲུལ་བ་གཡོ་བཞིན་གཡོ་བཞིན་དུ།།

གསེར་སྙན་པདྨོའི་དྲུང་དུ་ལྷུང་བའི་སྐབས།།

བདག་ནི་རེ་ཞིག་དོགས་པ་དང་བཅས་ཏེ།།

སྔར་གྱི་གནས་ནས་རྨོངས་པའི་ངང་ཚུལ་དུ།།

འདི་སྣང་ཡོལ་བའི་གསེབ་ལ་ཟུར་མིག་གིས།།

སྤྲིན་པ་དཀར་ནག་གཏིབས་པའི་རྗེས་སུ་བསྙེགས།།

ཁྱོད་ཀྱང་འོད་དཀར་ལྷུན་པོའི་གཞལ་ཡས་ནས།།

སྣང་སེམས་གླང་ཆེན་སྨྱོན་པ་བཞོན་ནས་སུ།།

དགའ་ལྡན་ནགས་ཚལ་བཅོམ་པའི་ཧམ་སེམས་ཀྱིས།།

བདག་གི་གམ་དུ་ལྷགས་པ་ཅང་བདེན་ནམ།།

སྐྱོ་སྡུག་འཁོར་བའི་ཐང་ན་གྲོགས་མེད་ངང་།།

ཆགས་སྡང་སེམས་རྩ་གཉོམ་པོ་ཁྲག་གིས་ཚོས།།

གདུང་བའི་ན་ཟུག་ཚིག་གི་ཉག་ཕྲན་གྱིས།།

དགྲ་བོའི་སྙིང་ཁྲག་འབེན་ལ་བསྣུན་པའི་ཞོར།།

སྙིང་ཤ་ལྷབ་ལྷུབ་འཐོར་བའི་དུར་ཁྲོད་ཀྱི།།

གཟན་ལ་འཁོར་བའི་བྱ་རྒོད་རྨས་མ་བཞིན།།

མདོ་མེད་ཨག་སྐད་སྒྲོག་པའི་མུ་ཅོར་མཁན།།

དུས་མཐའི་རླུང་དམར་ཁྲོད་ན་གཅེར་བུར་རྒྱུ།།

རྟོག་པའི་རླབས་རྒྱུན་དེད་ནས་མུ་མེད་ཀྱི།།

བྱང་ཐང་སྐྱ་མོ་འགྲིམས་དུས་ཨ་ཐང་ཆད།།

རེ་སྒུག་ཟླ་བ་ལྷ་མོའི་ཞལ་རས་ལ།།

ཆགས་མེད་སྙན་ཚིག་འབུལ་དུས་བག་རེ་དྲོ།།

མི་ཚོགས་ཁ་ཕྱོགས་སྟོར་བའི་བཞི་མདོ་ན།།

སེམས་ཀྱི་འཆར་སྣང་རླུང་ལ་བཅོལ་བའི་དུས།།

བདག་ནི་རྫ་ཁའི་སྨུག་སྤྲིན་ལང་ལོང་ཁྲོད།།

རྟ་ཕོས་འཚེར་སྐད་སྒྲོག་པའི་ཇག་ལམ་ནས།།

ཕྱིར་མིག་རྒྱང་ལྟའི་མདའ་མོ་ཁྱོད་ཕྱོགས་སུ།།

སྐར་མདའ་རྒྱུ་བའི་འགྲོས་ཀྱིས་འཕེན་མཁན་དང་།།

དེ་ནས་གློག་དམར་འཁྱུག་པའི་བར་གླགས་དེར།།

ཁྱོད་རང་ཨེན་ཙམ་སེམས་ཀྱིས་སྐྱོར་མཁན་ཙམ།།

འབྱུང་བར་འགྱུར་ཞེས་ཁ་ཚོན་སུ་ཡིས་ཆོད།།

མ་འོངས་ལུང་བསྟན་དབབ་པར་མི་གྱུར་ཏེ།།

རང་སེམས་རྟོག་པའི་ཁམས་འདི་རང་ལ་དབང་།།

དེ་རིང་འཆར་རྟོག་སྒྱུ་མའི་གླིང་བུ་འདིས།།

སང་ཉིན་རིག་པ་སྨྱོན་པར་དཔངས་རེ་བསྟོད།།



  • ལེ་ཚན་སྔོན་མ།:བརྗོད་མི་ཚར་བའི་ཁྱོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།