ཤིང་ལོ་མར་སེར་ཐིག་ལྷུང་དུས།

གངས་ཆབ་སྔོན་མོ།        2022-11-07

སེར་ལམ་ལམ་གྱི་ཁ་དོག་ཡོད་རྒུ།

དྭངས་གཙང་གི་མཚེའུ་ངོས་ལས་ཡོམ་ཡོམ་འགུལ་དུས།

གཙང་འགྲམ་དུ་ལུས་པའི་གླུ་སྐད་སྙན་མོ་དེ།

འཚོ་བའི་ཁ་རྒྱབ་ལ་བསྟབས་པའི་སེམས་ཀྱི་རི་མོ་རེད།

ཁྲུང་ཁྲུང་གི་གཤོག་རྡེབ་ལས་མཆེད་པའི་ཟིར་སྒྲས།

དུས་ཚོད་དང་རེ་བསྙེགས་ཀྱི་མཛེས་པ་གང་ཞིག།

རེ་རེ་བཞིན་ཁྱོད་ཀྱི་སེམས་ཁོང་དུ་བླུག་ནའང་།

ཁྲོན་པ་ལྟ་བུའི་བྲག་ཁོག་ད་དུང་ཡང་འཁྱགས་སིབ་སིབ།

གཞར་ནས་བཅོས་ཐབས་མེད་པའི་སེམས་སྣེ་རིང་མོ།

ཉིན་མཚན་མེད་པར་གངས་རི་དང་སྤང་ཐང་བརྒྱུད་ནས།

སྲིད་པའི་ཡས་མཐར་གཙང་པོ་བཞིན་ངང་གིས་བཞུར།

སེར་ཐིག་འགོས་པའི་གཡུ་ལོའི་ཚལ།

སྐྱེ་བ་འདིར་བཟོས་པའི་ནག་ཉེས་ཤིག་དང་འདྲ་བར།

ང་ཡི་མིག་ཀོང་དུ་གསེར་མདོག་བཞིན་སེར་ལམ་ལམ།

སྤྲིན་པ་ལང་ལོང་། ཆར་བ་ཟིམ་ཟིམ།

རང་དབང་མེད་པར་སྟོན་ཁ་ལྟ་བུའི་རྒྱང་རིང་དྲན་ཡོང་།

རྒྱང་རིང་ན་གཡུ་ལོ་ལྟ་བུའི་དྲན་པ་ཞིག་ལྷགས་ཡོད།

རྒྱང་རིང་ན་སྟོན་ཁ་ལྟ་བུའི་བུད་མེད་ཅིག་ལུས་ཡོད།

ཐམས་ཅད་སེར་ལམ་ལམ་དུ་སྣང་དུས།

བསྣོལ་མར་འཛིང་བའི་སྲང་ལམ་ཡོད་ཚད་ལས།

སྤྲིན་པ་དང་མེ་ཏོག་གི་སྒྲ་དབྱངས་བར་མེད་དུ་མཆེད་དེ།

མིའི་རིགས་ཀྱི་སྣང་ངོར་འོ་མ་བཞིན་འཐིམས་སྲིད་དམ།

རྒས་གཉེར་གྱི་རི་མོ་གསལ་ཙམ་མོག་ཙམ།

འཚོ་གཞེས་ཀྱི་སྙིང་པོའང་གཡོ་ཙམ་འདར་ཙམ།

ང་ཚོ་ལ་སེར་ཤེད་ཆེས་དྲགས་པས་ཡིན་ནམ།

སྟོན་ཁའི་འབྲས་བུ་བཞིན་ཡེ་ནས་སྨིན་ཐབས་མི་འདུག་ཨང་།



  • ལེ་ཚན་སྔོན་མ།:ཀ་ཕྲེང་ཀ་ར་སིལ་ཏོག།
  • ལེ་ཚན་རྗེས་མ།:ལས་འཕྲོ་མ་བོར།