ལས་འཕྲོ་མ་བོར།

རྫ་ཤུལ་བློ་བཟང་།        2022-11-08

ཟླ་བ་དབྱིངས་སུ་འཁོར་བའི་སྣང་བ་ལ། །

བཀྲ་ཤིས་ཚོན་གྱིས་རི་མོས་འཇའ་གུར་ཞིག །

རིང་ནས་ཡུན་དུ་འདྲིས་པའི་བག་ཆགས་ལ། །

ཚེ་ཡི་མེ་ཏོག་ཕོག་འདྲའི་རྨི་ལམ་རྨིས། །

ཁྱེད་ཀྱིས་བྲིས་པའི་སྒྲོལ་མའི་ཐང་ཀ་ཞིག །

ཕོ་བྲང་ངོས་སུ་འཆར་བའི་ལྟས་ཤིག་ཐོན། །

ཚེ་རབས་སྟོང་གི་བརྗེད་བྱང་མ་བོར་པ། །

སྲིད་པའི་མེ་ལོང་ནང་གི་ང་དང་ཁྱོད། །

མི་ཚེ་ཟློས་གར་རྩེན་པའི་རྣམ་ཤེས་ལ། །

བྱུ་རུའི་ཕྲ་རྒྱན་བཏགས་པ་ཆོ་འཕྲུལ་གྱིས། །

ནམ་མཁའི་ངོས་སུ་སྐར་མ་ཆ་གཅིག་བཞག །

དེ་ཡི་འཁྲིས་སུ་སྨོན་འདུན་དཀར་པོ་སྤུངས། །

རྟོག་པས་མ་བསླུས་དབྱངས་ཀྱི་ཤོག་བྱ་དེ། །

སྐྱི་སེར་རླུང་བུས་བདས་ནས་པང་དུ་ལྷུང་། །

སྐྱེ་བ་རྗེས་མའི་ས་ཚུགས་མ་བརྒལ་བར། །

སྐྲ་ཡི་ཉག་མ་ལུས་ཀྱི་དཔུང་རོགས་ཡིན། །

མགུར་མའི་སྒྱུ་འཕྲུལ་བཞེངས་པའི་སྣང་བ་ཡིས། །

སྲིད་ཞི་ངག་ལ་གྱེར་བའི་གདངས་ཤིག་བརྩམས། །

རྡུལ་གྱིས་མ་སྦགས་ཚངས་སྲས་སྙན་ཚིག་སྟེ། །

མི་ཡིས་མ་ཟིན་དྲི་ཟའི་དབྱངས་རྟ་ཡིན། །

ཁྱོད་ཀྱི་ཕྱོགས་སུ་བཞུར་བའི་གཙང་པོ་ཡི། །

བཞུར་སྒྲ་སེམས་སུ་ལྷུང་བའི་འཁྲུལ་སྣང་ཞིག །

ལས་འཕྲོ་མ་བོར་མདང་གི་ཟླ་འོད་ཀྱིས། །

དྲན་པའི་གྲངས་ཀ་ཞིག་ལ་སྡོམ་རྩིས་བརྒྱབ། །

འཁོར་བའི་མིག་ཆུ་མ་འདྲེས་ལྷ་ཡི་གོས། །

དྲི་མས་མ་ཕོག་དྭངས་མ་སེམས་ཀྱི་གཤིས། །

མཛུབ་མོའི་བརྡ་ཡིས་རི་ལུང་སྟོན་པ་བཞིན། །

ཤོག་དཀར་ངོས་སུ་ཆ་ཤས་ཙམ་དུ་ཕབས། །

ལོ་ཟླ་སྤྲིན་དཀར་བརྩེགས་པའི་བང་རིམ་ནས། །

གོས་ཀྱི་ཕུ་ཐུང་རླུང་གིས་གཡོ་བཞིན་དུ། །

ལུས་ཀྱི་ངལ་དུབ་སངས་བའི་མགུར་མའི་ཚིག །

ངག་ལ་དྲངས་བའི་གླུ་བ་ཆུང་ཆུང་ཡིན། །



  • ལེ་ཚན་སྔོན་མ།:ཤིང་ལོ་མར་སེར་ཐིག་ལྷུང་དུས།
  • ལེ་ཚན་རྗེས་མ།:སྲིད་པའི་མིག