མངོན་པའི་གཞུང་དཔྱད།

ཧུན • དུར་རོ།        2022-11-07

༼ སྒྲུང་ཐུང་། ༽

དེ་རིང་ཉིན་གང་བོར་ཉི་མ་རབ་ཏུ་ཚ་བས་ད་ལྟ་གདོང་ལ་ཡང་དམར་མདོག་ཅིག་ཤར་འདུག། ཁོ་རང་གི་ཁ་གཏད་ན་ཡོད་པའི་ཁང་ཆུང་གྲུ་བཞི་མའི་ནང་ལ་གོམ་པ་འཁྱར་འཁྱོར་སྤོ་བཞིན་ཟག་ཧྲལ་དུ་གྱུར་བའི་འབོལ་སྟེགས་སུ་ཤེད་ཤུགས་ཡོད་དགུ་བཏོན་པ་ལྟར་ལྗིད་ཏིག་གེར་ཙོག། ཁོས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་འདུག་པ་མི་ཤེས་མོད། གང་ལྟར་ཧད་དེ་སྡོད་འདུག་པ་ནི་དོན་དངོས་ཡིན། ཡུད་ཙམ་འགོར་རྗེས། གློ་བུར་དུ་ཉི་མ་ཤར་བ་ལྟར། བརླ་ཤའི་སྟེང་ལ་ཐལ་ལྕག་ཅིག་བཞུས་ནས། ཨོ་རེད་ཡཱ། ད་གཟོད་ངའི་སེམས་ལ་གསལ་པོ་ཞིག་དྲན་ཐུབ་ཐལ་ཞེས་ཟེར་ནས་གྱང་ངོས་སུ་ཤན་ཡོད་པའི་ཤོག་ལྡེབ་ཅིག་བླངས་ནས་མདུན་ཅོག་གི་སྟེང་ལ་དལ་མོར་བཞག་ནས། ཁོས་ཆིག་ལབ་ཀྱི་ཚུལ་དུ་རེད། སྔོན་ཆད་རང་ལ་དབང་ཡོད་དུས་འབྲི་འདོད་ཧ་ཅང་ཆེ་ནའང་གློ་བུར་དུ་རླུང་འཚུབ་ལྡང་བས་གཏོར་སོང་བ་དག། ད་ལྟ་བྱ་བའི་ཁོམ་ལོང་གི་དུས་སུ་དེ་དག་འབྲི་དགོས།ཁོས་རང་ལ་དམ་བཅའ་བརྟན་པོ་ཞིག་བཞག་པ་དང་འདྲ་བར། ཤོག་ལྡེབ་དེས་ངོས་ལ《མངོན་པའི་གཞུང་དཔྱད》ཟེར་བ་ཞིག་འཁྱར་མ་འཁྱོར་གྱིས་བྲིས་ནས། སླར་ཡང་གྱང་ངོས་ལ་བཀལ། དེ་ནས་ཁོས་སྒྱིད་ལུག་སོགས་གང་ཡང་མ་བྱས་པར་འབྲི་མགོ་བརྩམས། ཉིན་འགའ་ལ་བརྩོན་པ་ལྷོད་མེད་བསྐྱེད་པས་ད་ལྟ་ཏག་ཏག་མངོན་པའི་གནས་བཞིའི་དཔྱད་པ་བྲིས་ཟིན་སོང་བ་དང་། ད་ནི་གནས་ལྔ་པའི་དོགས་པ་དག་ལ་བསམ་གཞིག་གཏོང་བཞིན་དོགས་པ་རེ་རེ་ལའང་ཞིབ་ཕྲ་ལྡན་པའི་མཐའ་དཔྱོད་དག་གསལ་པོར་བྲིས་དགོས་པའི་འདུན་པ་འགོག་མེད་དུ་སྐྱེས་བཞིན། ཤོག་ལྡེབ་གསར་པ་ཞིག་ཚུར་བླངས་ནས་ངོས་ལ་སྲིད་པའི་རྩ་བ་ཕྲ་རྒྱས་ཞེས་གསར་ཐག་ཆོད་པ་ཞིག་བྲིས་ནས། ཅོག་ཙེའི་སྟེང་ལ་གང་འདོད་ཅི་འབྱུང་ངང་གཏོར་བཞག་པ་ལྟ་བུའི་སྔོན་བྱོན་མཁས་པ་དག་གི་གསུང་རབས་དག་ལ་དཔེ་ཀློག་བྱས། བར་སྐབས་ཤིག་ལ་སྒོ་འགྲམ་ནས་རླུང་བུ་ཞིག་ལྡང་བ་དང་ལྷན་དུ་ཁོས་འདས་དོན་དག་བཟློག་མེད་ངང་དྲན་པར་བྱས། ལོ་དེར་ཁོ་རང་ཕ་མ་ཚོའི་བློ་བཀོད་ལྟར་དགོན་པ་ལ་སློབ་གཉེར་བྱེད་དུ་སོང་། དགོན་པ་ནས་ཁོ་རང་གིས་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་གཞུང་བཀའ་པོད་ལྔ་ལ་སྦྱང་བ་རབ་དང་རིམ་པ་ཞིག་བྱས་མཐར། ཁོ་རང་གི་མཁན་པོ་དང་སློབ་གྲོགས་དག་གི་ཡང་ཐུགས་རྩེའི་བར་དུ་ཆེ། དངོས་གནས་དོན་བཟང་ལ་བར་ཆད་ཡོད་ཟེར་བ་ཅི་མི་བདེན། ཡིད་སྐྱོ་འོས་པ་ཞིག་ལ། རྐྱེན་ལ་ཤས་ཤིག་གི་མགོ་འཛོམས་སྣེ་འཕྲད་དེ། ཁོ་རང་ལའང་དེ་འདྲ་བའི་ལམ་ཁ་བདེ་མོ་ཞིག་མ་དབང་བས་ཕྱིར་རང་ཁྱིམ་དུ་མི་ལོགས་ཀ་མེད་བྱུང་། དུས་དེ་ནས་བཟུང་ཁོ་རང་གི་འཚོ་བའི་ཁྲོད་དཀའ་ཁག་དག་ལ་འཕྲད་པ་ནི་གྲངས་ཀྱིས་མི་ཟིན། དུས་ཤིག་ལ་ཁོ་རང་སྐྱ་བོ་སྟེ་ཁྱིམ་པ་བཅའ་དགོས་པ་ཡང་། དོན་དུ་བདེ་སྐྱིད་ནི་རྡོག་རྡོག་ཅིག་ཡིན་ཟེར་བ་ལ་དངོས་གནས་བསྙོན་མེད་པ་ཞིག་རེད། ལོས་བསྙམ་པ་ཞིག་ཀྱང་རེད་ལ། དེ་འདྲ་བའི་དོན་རྐྱེན་ཞིག་བྱུང་བ་དེ་ནི་སུ་ཡང་མི་ལན་ཏེ། ཁོ་རང་ལན་ཟེར་མཁན་ཡང་ཤིན་ཏུ་མང་། བརྒྱུད་རིམ་དེ་འདྲ་ཞིག་བརྒྱུད་དེ། ད་ལྟའི་གནས་བབ་འདི་ལ་ཐོན་ན་ཡང་ཁོ་རང་ནི་ད་དུང་དབུལ་པོ་ཡིན། ད་སྔོན་ཁོས་ལས་ཀ་གཉེར་བ་ནི་འཚོ་བའི་ཁྲོད་ཀྱི་ལས་ཀ་ཙག་ཙིག་གི་སྐོར་ཡིན་པ་ལས། དོན་ཆེན་ལས་ཀ་གང་ཡང་འཁྱོངས་མེད། ཡིན་ཡང་ལོ་གཅིག་གི་སྔོན་ལ་གློ་བུར་དུ་ཁོས་རྫོང་རིམ་པའི་དགེ་རྒན་གྱི་འགན་ཁུར་བ་ནས་བཟུང་། ཁོ་ལ་ཡང་དགའ་མཁན་ཉིན་རེ་བཞིན་ཇེ་མང་རེད། ཉིན་རེ་བཞིན་སྔར་གྱི་བདེ་སྐྱིད་བོར་སོང་བ་དག་ཐོབ་གྱིན་ཡོད་པའི་སྣང་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་འཁྲུངས་བཞིན་འདུག། དེ་ལྟར་དུས་ཚོད་ནི་ཆུ་བོའི་རྒྱུན་བཞིན་སོང་བའི་མཐར། ད་ལྟ་ཁོ་རང་ལ་གཉེན་ཉེ་དང་གྲོགས་པོ་ཡང་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་པ་ནི་མངོན་གསལ་དོད་པོ་ཡིན། ད་དུང་...........

གློ་བུར་དུ་གཉིད་ལས་སད་པ་ལྟར་དྲན་པ་དུམ་བུ་ཞིག་བོར་སོང་བ་དེ་སླར་ཡང་མཐུད་ཐུབ་སོང་བའི་སྣང་ཞིག་སྐྱེས་ནས། ཁང་ཆུང་ནང་ངོས་ལ་ཡར་ལྟ་མར་ལྟ་ཞིག་བགྱིས་པ་ན་ཏག་ཏག་རང་གི་འབྲི་བཞིན་པའི་མངོན་པའི་གཞུང་དཔྱད་ཡང་།ད་ལྟ་མཇུག་བྱང་མ་གཏོགས་བྲིས་ཟིན་ལ་ཉེ་འདུག། ཁོ་རང་གི་ལྟོ་བ་ལ་ཟས་དང་ཆུ་གཉིས་མཁོ་ནས་སྡོད་ཡོད་ཚོད་རེད། བྲོད་ལ་མ་བྲོད་པའི་ངང་ནས་ཡང་ལངས་ཏེ་ཤེལ་ཕོར་སྟོང་པ་ཞིག་ཚུར་བླངས་པ་ན། མདུན་ལ་གོམ་གང་སྤོས་སྐབས། མདུན་ཅོག་ངོས་ཀྱི་ཁ་པར་གློ་བུར་དུ་འདར་ཡོམ་ཡོམ་བྱས་བྱུང་། ཁོ་པས་མྱུར་མོར་རྣ་རྩར་གླན་ཏེ། ཝེ།ཨེ་ང་ཡིན་ཡཱ། བརྗེད་སོང་མེད་ལཱ། ད་ལྟ་ང་རང་གནམ་ཐང་འབྱོར་ཡོད། ག་ལ་ག་ལ། བརྗེད་མི་སྲིད་ནམ་ཚོད་སླེབས་པ་ཡིན། དུས་ཚོད་ཕྱེད་ཀ་ཞིག་གི་རྗེས་ནས་ང་རང་ཁྱེད་ཉིད་གནམ་ཐང་ལ་ལེན་དུ་འོང་ཡཱ།ཡ་ཡ་ངས་ཁྱོད་སྒུག་ངེས་ཡིན། ངས་ནི་ཁྱོད་ལ་ཟླ་བ་གཅིག་གི་རིང་ལ་ང་དགོས་འུ་མི་འདུག་བསམ། ཁ་པར་ཙམ་ཐོན་རྒྱུ་མི་འདུག ད་ཡང་དགོས་རྒྱུ་མ་རེད་བསམ་ཡོད། དེ་འདྲ་ག་ལ་ཡིན། ཁྱོད་ངའི་ཆུང་མ་མིན་ནཱེ། དགོས་དཱ་ལོས་དགོས་རཱ། ཟླ་འདི་ལ་ང་དངོས་གནས་ཁོམ་པ་མ་བྱུང་ཐཱལ། ཟླ་འདི་ཁྱོད་ཀྱི་ངལ་གསོའི་ཟླ་བ་མ་ཡིན་ནམ། རེད་རྒྱུ་བོ་རེད་མོ། ད་གང་ལྟར་ཁོམ་པ་མེད་ཐཱལ་ཡཱ། ཅུང་ཟིག་ནས་ངོ་ཐུག་ན་དཱ་བཤད་ཡཱ། ཆོག་གི། ཡིད་ཙམ་ལ་ཁོ་རང་དྲན་པ་བརྒྱལ་བ་བཞིན་ཧད་དེ་སྡོད་པ་དང་གཟོད་དྲན་པ་སོས་པ་ན། ཡར་ལྟ་མར་ལྟ་ཞིག་བྱས་པ་དང་ལྷན་རང་ཁྱིམ་ལ་ལོག་པའི་འདུན་མ་དྲགས་པོ་ཞིག་སྐྱེས་ནས། ད་ལྟ་རང་ཉིད་ཡོད་ས་ནི་སྔོན་ཆད་རང་ཉིད་གྲྭ་པ་ཡིན་དུས་ཕ་ཡུལ་དུ་ལོག་པ་ན་གནས་འདི་རུ་འོང་སྟེ་སྡོད་སའི་ཁང་པ་གྲུ་བཞི་མ་ཆུང་ཆུང་དེ་ཡིན་འདུག་པས། ད་ནི་རང་ཁྱིམ་ལ་འགྲོ་གྲབས་བྱེད་བཞིན། རྣ་དང་ཕྲག་བར་ལ་ཁ་པར་བཅུག་ནས་གླ་གཏོང་རླངས་འཁོར་ཞིག་ལ་འབོད་བཞིན་པ་རེད། ཝེ། ཁྱེད་རང་གླ་གཏོང་ཁ་ལོ་པ་ཡིན་ནམ། ཡིན་ཡཱ། སྐར་མ་ལྔའི་རྗེས་ནས་ངེད་ཚང་ལ་འབྱོར་ཐུབ་བམ་ཞེས་སྒྲ་གསལ་ལ་མི་གསལ་བའི་དུང་སྒྲ་ཏེད་སྒྲ་སོགས་ཀྱི་ཁྲོད་ནས། ཐུབ་བ། ཡོང་ཐུབ་ངེས་ཡིན། ཟེར་ནས་ཁ་པར་སྒོ་གཏན་བཞག། ཁོ་ཡང་བྲེལ་ཚུབ་ངང་ཟླ་འདིའི་རིང་ལ་བྲིས་པའི་ཆོས་མངོན་པ་མཛོད་ཀྱི་གཞུང་དཔྱད་ལྡེབ་སྒྲིག་བྱས་ནས་ཁུར་གྱི་ནང་ལ་བཅུག་པ་དང་། གཞན་ཁོས་བརྗེད་འདུག་པ་ཞིག་ལ་གཞུང་གི་མཇུག་བྱང་བྲིས་མེད་པས། ད་ལྟ་ཅི་བྱ་སྙམ་པའི་ངང་གླ་གཏོང་རླངས་འཁོར་ནང་ལ་འབུད་བཞིན་པ་རེད། ཅང་མ་འགོར་བར་གྲོང་ཁྱེར་དང་ཁ་བྲལ་ནས་ཅུང་ཟད་ལྷོད་ཡངས་པའི་གནམ་གྲུ་འབབ་ཐང་གི་ཕྱོགས་སུ་བསྐྱོད་པའི་ལམ་ཁར་བུད།

ཁོ་ཅུང་ཟད་ལྷོད་ལ་བབ་པའི་ངང་ནས་ཡིད་ངོས་ལ་མངོན་པའི་གཞུང་དཔྱད་ཀྱི་མཇུག་བྱང་འབྲི་བར་བརྩམས།



  • ལེ་ཚན་སྔོན་མ།:གཟའ་ཉི་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།