དབྱངས་ལ་རྒྱུས་པའི་བརྩེ་བ།

ཁྲི་ཟླ་གཞོན།        2022-11-04

སྣང་བའི་རྟ་རྒོད་འཁོར་བའི་རི་ལ་ཤོར།།

བརྩེ་བའི་གཡུ་སྦྲང་ཟེའུ་འབྲུའི་རྡུལ་ལ་ཆགས།།

ལས་ཀྱི་ལམ་ཕྲན་སྣེ་མོ་གཅིག་ལ་སྦྲེལ།།

འཇའ་ཚོན་ཀློང་ནས་ཁོ་མོའི་འཛུམ་ཞལ་མཐོང།།

རི་ཆུའི་རླབས་ཀྱིས་བར་ཐག་རིང་དུ་བཅད།།

ཆར་སྤྲིན་ཡོལ་བས་མཐོང་ལམ་མོག་པོར་སྒྲིབ།།

དྲན་འཛིན་ཟླ་བར་ཁོ་མོའི་གཟུགས་རིས་གསལ།།

སྒྱུ་འཕྲུལ་འཁོར་བར་ཞེན་པའི་རི་མོ་འབྲི།།

སྣང་གསལ་ཉི་ཟླས་འོད་ཀྱི་རྣ་རྒྱན་སྤྲས།།

དགུ་ཚིགས་སྐྱ་མོས་སྐར་ཚོགས་ཕྲ་ཚོམ་སྤུད།།

རྒྱན་གྱིས་སྤྲས་དང་མ་སྤྲས་མཛེས་པའི་མཆོག།

ཡིད་ཀྱི་ལྷ་མོ་སྲིད་པའི་རྒྱན་དུ་མཛེས།།

འཁོར་བའི་བྱེ་རིར་རྫོགས་མེད་འགོས་ཀྱང་ཆོག།

སྲིད་པའི་ཟོ་ཆུན་དལ་མེད་འཁོར་ཡང་མཐུས།།

སེམས་ཀྱི་རྟུལ་ཕོད་དཔའ་བོའི་གདེང་དང་འགྲོགས།།

ཡིད་ཀྱི་འདང་བརྩེ་གངས་དང་གསེར་ལ་འགྲན།།



  • ལེ་ཚན་སྔོན་མ།:ཚངས་དབྱངས་རྒྱ་མཚོའི་མཇུག་འཐུབ་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།