བཀྲ་ཤིས་ལྷ་དར་དཀར་པོ།

མགོན་པོ་དོན་གྲུབ།        2022-10-21

ཏང་གི་ཚོགས་ཆེན་ཉི་ཤུ་པ་ལ་ཕུལ།

འཛམ་གླིང་ཤར་ཕྱོགས་ས་ཡི་ཐིག་ལེ་ན།།

མཁས་མཛངས་གཉིས་ལྡན་གོང་མ་མང་དུ་བྱོན།།

བགྲང་བྱ་ལྔ་སྟོང་རིང་ལ་རྒྱུན་བསྐྱངས་པའི།།

སྟོབས་ལྡན་མེས་རྒྱལ་གོ་ལའི་ཏོག་ཏུ་གྱུར།།

རྣམ་དཔྱོད་རྩལ་གྱིས་ཕྱུག་པའི་གཙོ་འཛིན་མཆོག།

ཀྲུང་ཧྭའི་མི་རིགས་ང་དྲུག་བུ་བཞིན་སྐྱོང་།།

ཏང་སྲིད་ལུགས་གཉིས་ཡང་དག་སྣེ་འདྲེན་ནས།།

དུང་ཕྱུར་བཅུ་བཞིར་སྐྱིད་པའི་དཔལ་ཡོན་བསྩལ།།

ཚོགས་ཆེན་ཉི་ཤུའི་གསོལ་སྟོན་བཤམ་པའི་དུས།།

ཀྲུང་ཧྭའི་འཛིན་མར་བཀྲ་ཤིས་གཏམ་བཟང་མཆེད།།

ཏང་སྲིད་ཉི་མའི་མཛད་འཕྲིན་རབ་བསྔགས་ནས།།

རླབས་ཆེན་ཏང་གི་སྤྲོ་ཚོགས་དགའ་བས་བསུ།།

གུང་ཁྲན་ཏང་ནི་ནམ་མཁའི་ཉི་མ་ལྟར།།

རྒྱུ་སྐར་བྱེ་བའི་དབུས་སུ་འོད་དུ་འཚེར།།

བྱམས་བརྩེའི་འོད་སྣང་ཀྲུང་ཧྭའི་ཡུལ་དུ་འཕྲོས།།

མི་རིགས་དབྱེར་མེད་བདེ་སྐྱིད་དྲོད་ཁོལ་སྦྱིན།།

རུལ་རྒོལ་གཙང་སྤེལ་གནམ་ལྕགས་ཐོག་མདའ་ཡིས།།

རུལ་སུངས་དཔོན་རིགས་སྟག་སྦྲང་མཉམ་རྡུང་བྱས།།

དོན་ཚན་བརྒྱད་ཀྱི་གཏན་འབེབས་དགོངས་དོན་དེས།།

ཏང་སྲོལ་སྲིད་དོན་སྔར་མེད་གཙང་བསྒྱུར་བྱས།།

གསེར་ལྡན་དགའ་མ་ཡངས་པོའི་པང་ཁ་རུ།།

སྐྱེ་ཁམས་དཔལ་ཡོན་སྤྱན་ཟུང་བཞིན་དུ་སྲུང་།།

གསེར་རི་དངུལ་རིའི་འདུ་ཤེས་དམ་པོར་བཅངས།།

རང་བྱུང་ཐོན་ཁུངས་ཀླུ་དབང་མཛོད་དང་འགྲན།།

ས་རྩོད་ཆུ་རྩོད་གཏན་འགོག་བྱ་ཆེད་དང་།།

མི་མཐུན་རྙོག་ཟིང་རྣམ་པ་བསྒྱུར་སླད་དུ།།

དམངས་གཙོ་ཁྲིམས་སྐྱོང་ཐབས་ཇུས་ལེགས་བཀོལ་ནས།།

སྲིད་ན་བྲལ་བའི་འཆམ་མཐུན་སྤྱི་ཚོགས་བསྐྲུན།།

ཞིང་གྲོང་གཟིགས་སྐྱོང་ཉི་ཟེར་ཕྱོགས་ཀུན་ཁྱབ།།

གྲོང་གསེབ་དར་སྤེལ་ཚ་རླབས་དགུང་ལ་འཕྱུར།།

མཁར་གྲོང་རྣམ་པ་གཞི་གཅིག་ཅན་དུ་གྱུར།།

ཕ་ཡུལ་འཛུགས་སྐྲུན་སུམ་རྩེན་གནས་དང་མཉམ།།

དབུལ་སྐྱོར་གནད་སྨིན་འཐབ་ཇུས་བཟང་པོ་ཡིས།།

རྒྱལ་ཡོངས་ས་ཆ་སོ་སོའི་དབུལ་ཞྭ་ཕུད།།

དམངས་ཀྱི་བདེ་སྡུག་དམངས་འཚོ་གཙིགས་སུ་བཟུང་།།

དབུལ་ཐར་འགག་སྒྲོལ་དམག་འཐབ་རྒྱལ་ཁ་བླངས།།

ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གིས།།

གནའ་བོའི་དར་གོས་ལམ་བུར་སྲོག་དབང་སྦྱིན།།

ལག་རྡང་སྦྲེལ་ནས་མཉམ་ལས་མཉམ་རྒྱལ་བརྩོན།།

བརྩོན་པའི་འབྲས་བཟང་ལམ་རྒྱུད་རྒྱལ་ཁབ་སྨིན།།

འདུ་ཤེས་གསར་པས་འཕེལ་རྒྱས་ལམ་སྣ་དྲངས།།

དུས་རབས་གསར་པར་བགྲོད་ལམ་གསར་པ་བཏོད།།

འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་འཛུགས་སྐྲུན་བྱས།།

ཐོག་མའི་ལོ་བརྒྱའི་འབད་བརྩོན་དམིགས་འབེན་བསྒྲུབས།།

ཐོག་མའི་བསམ་འདུན་ནམ་ཡང་མི་བརྗེད་པར།།

འགན་འཁྲི་དམ་པོ་ཕྲག་ཏུ་འཁུར་བྱས་ནས།།

ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི།།

ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་བརྩོན།།

ཏང་སྲིད་ཉི་མའི་མཛད་འཕྲིན་རྒྱ་མཚོ་ལས།།

ཟུར་ཙམ་རྗེས་སུ་བཟུང་ནས་བརྗོད་པ་འདི།།

ཚོགས་ཆེན་ཉི་ཤུ་པ་ཡི་དུས་སྟོན་ལ།།

བཀྲ་ཤིས་ལྷ་དར་ཚུལ་དུ་འབུལ་བ་ལགས།།



  • ལེ་ཚན་སྔོན་མ།:དྲང་ཚིག་གཡང་གི་མེ་ཏོག་ཁྱེད་ལ་ཕུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།