དུང་བའི་གླུ།

ཁ་བ་སྨྱུག་འཛིན།        2022-10-14

ང་ཡི་ལུས་དང་སྲོག་ལ་བསྟིམས་པ་ཡི།།

ལྗོན་པ་སྣ་མང་བྲིས་པའི་ཁྱོད་ཞལ་ལ།།

རི་དྭགས་འཆི་བར་མི་དོགས་བུལ་གྱིས་རྒྱུ།།

ཟླ་བའི་མདངས་ལ་འཁྲེང་བའི་ལྷ་མོ་དེ།།

རླུང་གི་བརྡ་ཡིས་བསླུ་བྲིད་མ་ཕེར་ཞིང་།།

རང་དབང་བདག་སེམས་ཉུལ་བའི་ལས་འདི་སྤྲོ།།

བདག་ནི་བདག་གི་དོན་དུ་ངལ་བའི་རྒྱུ།།

ཁ་མང་ཚིག་གི་འབེན་རར་ཚུད་ན་ཡང་།།

ཅི་འགྱོད་འཐས་པ་བྲག་གི་བརྩེ་བ་ཡོད།།

སེམས་པ་ཕྱི་ནང་མང་པོ་མང་པོར་བརྗེས།།

མི་རེ་རྣམ་འགྱུར་རེ་རེས་བསླུ་བར་བྱས།།

ཀྱེ་ཀྱེ་འདི་དག་བདག་གི་སྙིང་སྡུག་ལགས།།

བདག་གི་སེམས་སུ་མེ་ཏོག་བརྒྱ་ཤར་ཡང་།།

སྙིང་རྗེའི་མིག་གིས་ཟིན་པའི་པད་དཀར་དེ།།

འབྱུང་བའི་ཁ་རླངས་ཐེབས་ཀྱང་རྙིད་དུ་མེད།།

མཚན་མོ་ཇི་བཞིན་ཁང་བུའི་ནང་དུ་གཟིམ།།

རླུང་བུ་འགྲོ་བའི་སྒྲ་ཡིས་གཉིད་ཀྱང་དཀྲོག།

དེ་ཡི་དབང་གིས་མགོ་བོ་འཐོམ་པར་གྱུར།།

ཧ་ཅང་སྟུག་པོ་མིན་པའི་ནགས་ཀྱི་ཁྲོད།།

སྙུ་གུ་འཆང་བའི་ཁོ་བོའི་མེ་ལོང་ལ།།

ཁ་འབྲས་གཙང་བའི་རོང་མོ་ཝལ་གྱིས་འཆར།།

མང་པོའི་རྡུལ་གྱིས་བསྒྲིབ་པ་མི་ནུས་ཤིང་།།

ལས་ཀྱིས་གས་ཁ་ཤོར་བ་མ་གྱུར་ན།།

སྐྱོ་བ་མེད་པའི་མཚན་མོ་བསྐྲུན་པ་ཡིས།།

ནམ་ཟླའི་ཁ་ཆར་རྒོད་ཀྱང་མི་འཇིགས་སོ།།



  • ལེ་ཚན་སྔོན་མ།:འགྲུལ་བཞུད་ཁྲོད་དུ་རྙེད་པའི་སྙན་རྩོམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།