དྲན་པ་ནས་བཞུར་བའི་མི།

རང་མདངས།        2022-10-12

བགྲང་གིས་བསྐལ་པའི་ཉིན་དང་མཚན་མོ་མ་ཡིན། །

འདི་ནས་བརྩིས་པའི་ཉིན་ཞག་ཕྲ་མོ་དེའང་། །

ལོ་དང་ཚེ་རབས་ཤིག་གི་དུས་ཡུན་ཞིག་ལས། །

ཉིན་མཚན་གཅིག་གཉིས་ཙམ་གྱིས་ཚོར་བ་མེད་ཀི །

ཨ་རོགས་བྱམས་པའི་སེམས་སུ་ང་རང་ཡོད་དམ། །

ཁོ་བོའི་བྲང་གཞུང་སྙིང་ཁ་ཟབ་པའི་དབྱིངས་སུ། །

བཅོས་མིན་ཡིད་ལ་བདོ་བས་ཉིན་མཚན་དབྱེར་མེད། །

ལུས་ཀྱི་ཤ་རུས་གྱེས་ཀྱང་སེམས་དང་འབྲལ་མེད། །

མི་རྟག་གློག་ལ་དབང་བའི་རྒྱང་རིང་འཕྲིན་པ། །

མཛའ་ཐག་སྐུད་པ་སྦྲེལ་བའི་རྐང་གླིང་སྐད་བརྡ། །

སྐྱེ་འཇིག་རང་བཞིན་བཙན་པས་དྲྭ་ངན་དེ་གས། །

འཛུམ་པའི་གསུང་གསང་རེ་རེ་ཡུད་ཙམ་བཅད་སོང་། །

འུ་གཉིས་ལས་ཀྱིས་འབྲེལ་ན་ཚེ་གཅིག་མཇལ་ཡང་། །

ཨ་གསར་འཁོར་བའི་གཤིས་ཀྱིས་ཡང་དུ་དེད་པས། །

སྐད་ཅིག་བར་དུ་ཆོད་པའི་དམར་ཆུང་སྙིང་ལ། །

བྲེལ་འཚུབ་འུར་འུར་ངང་གིས་རེ་ཞིག་འདས་སོང་། །

གློག་དེ་སྲོག་ལྡན་སྨྲ་ཤེས་མྱི་ཞིག་ཡིན་ན། །

རང་ནུས་ཚིག་དང་ལུས་ཀྱི་ཁོང་ཁྲོ་བཀོལ་ནས། །

རྒྱལ་ཕམ་གཡུལ་འཐབ་དྲག་པོས་ལས་ཤིག་འདོད་ཀྱང་། །

རྟིང་རྩོད་ཉིན་མཚན་རྫོགས་པའི་བྱ་བས་ཅི་བྱ། །

ཁོ་བོའི་འཕྲིན་ཕྲན་འདི་ཡི་བརྡ་སྐད་རེ་རེ། །

སེམས་པ་སེམས་དང་སྦྲེལ་བའི་རང་གི་ལྷ་མོ། །

ཨེ་ཡིན་ཡིན་ན་བསམ་པའི་ཡ་ཆུང་འདི་ནི། །

མ་ལུས་དབྱངས་མཚོའི་ཕྱོགས་ལ་མཛའ་ཞིང་འཐོར་འདུག །

སྒུག་ཡུན་གྲངས་མེད་བསྐལ་པའི་ཡུན་དུ་འདུག་ཀྱང་། །

ཚེ་སྔོན་ལས་ལ་དབང་བའི་ང་དང་གཅེས་མོའི། །

མཛའ་སེམས་སྐུད་པའི་བར་ཐག་གཅིག་ཏུ་འདྲེས་ནས། །

ནམ་ཞིག་འཛོམས་པའི་སྐལ་བཟང་ཡོད་ན་ལོས་ཆོག །

དབྱངས་གསལ་ངག་ལ་བཀུག་པའི་བརྩེ་བའི་མེ་ཏོག །

གསུང་གསེར་བ་དན་བརྩེགས་པའི་དུང་བའི་ལང་ཚོ། །

ཤག་ཤག་སེམས་ནས་བརྒྱུད་པའི་བརྩེ་དུང་ཕྱུག་མོ། །

དྲན་པ་དྲན་པའི་ཡིད་ཀྱི་མཛེས་མའི་སྐུ་ལུས། །



  • ལེ་ཚན་སྔོན་མ།:མགྲིན་གླུ་སྙན་མོ་ཏང་ལ་འབུལ།
  • ལེ་ཚན་རྗེས་མ།:ལས་སྣང་སྒྱུ་འཕྲུལ་ལ་བཏགས་པའི་དབྱངས།