འདྲ་མི་འདྲ་བཅོ་བརྒྱད།

གུ་དཔལ་ཤིས།        2022-09-26

གྲིབ་མའི་ནང་ན་མ་ཤོང་བའི།།

རྩད་པ་འདི་དག་གང་ནས་འོང་།།

རོལ་མོའི་སྒྲ་ཡིས་མ་ཆུམ་པའི།།

གར་དེ་སུ་ལ་འཁྲབ་པ་ཡིན།།

ཉི་འོད་འཐབ་པའི་རྡུལ་དེ་དག།

རླུང་གི་ཆགས་སྡང་ག་ཙམ་སྙོག།

ཞི་འཇགས་སོང་བའི་སྲོད་དབྱངས་ལ།།

སུ་ཞིག་འཁྲེང་བས་རྒྱང་མིག་ཐོགས།།

སྣང་བའི་རྩིག་རྡེབ་བྲིས་པ་ཡི།།

ལང་ཚོའི་མིག་ཟུང་འཛུམ་པ་ཡིས།།

འཁོར་བའི་སྙིང་པོ་འཇམ་ཤ་དག།

མེ་ཏོག་ལྟ་བུའི་ཟིལ་བ་འཐོར།།

ཡིད་ཀྱི་གཙང་བོར་འཐིམ་པ་ཡི།།

ངག་དེ་བྱིན་རླབས་འཐོར་བ་ལ།།

དབྱངས་དེས་གྲིབ་གཟུགས་བསྐུངས་བའི་རླུང་།།

སྙིང་གི་གས་སྲུབས་ཡང་ཡང་རྒྱུ།།

རྡོ་བའི་སྣང་བརྙན་ཕར་ངོགས་ཀྱི།

ཡིད་འོང་འཇམ་ཤའི་མེ་ཏོག་ཚོགས།།

ཤ་རུས་ཐང་གཞུང་སྙན་པ་དེས།།

ཡིད་ཀྱི་དཔྱིད་ཀ་བསུ་བར་བྱས།།

དར་རྒུད་སྐྱེན་པའི་དར་ལྕོག་དེ།།

སུས་ཀྱང་སྒང་དུ་བཙུགས་ཡོད་པའི།།

ཉམས་འཇོག་ཨེ་བྱས་སྙིང་ལགས་སམ།།

དྲན་པས་ཉན་ནམ་ལས་ཀྱི་གར།།

སྒྱུ་མའི་བུ་མོའི་བསླུ་བྲིད་རྫོང་།།

མཉེན་ལྕུག་སྣང་བ་ཤོར་བ་ཡིས།།

གཤིས་ཀྱི་འཛུམ་ཆུང་ཆུ་སྐྱེས་དག།

གད་པའི་དུས་ཚིགས་མ་རྙེད་ཐལ།།

ཤོང་ཐབས་མེད་པའི་དྲན་པ་དེ།།

ཤོད་ཐབས་མེད་པའི་ཚོར་གཟུགས་དེ།།

ཡུལ་གྱི་ནམ་མཁའ་བསྒྱུར་ནས་ཐལ།།

ལས་ཀྱི་རླུང་ཕྱོགས་བསྐོར་ནས་ཐལ།།

འཇའ་ཟེར་རེག་པའི་ཞིམ་ཤ་དེས།།

སྣང་བའི་འཁྱག་རོམ་ཞུས་ནས་ཐལ།།

ཡིད་གཞུང་འཐབ་པའི་སྨུག་པ་དབྱངས།།

ཚོར་བའི་བུ་ག་དགོད་ཙམ་བྱས།།

ཟླ་འོད་སྨག་པའི་ལྗོན་པའི་གྲོང་།།

རྟབ་རྟབ་འོང་བའི་བསིལ་ཤ་དེ།།

གྲིབ་མ་ཡན་པའི་སྲོད་རླུང་ངམ།།

ཆར་འཇམ་སྙན་པའི་ཞོགས་པ་འམ།།

བརྩེ་བའི་ཐ་གུའི་དགུ་མདུད་ཀྱི།།

སྒྲོག་ཏུ་ཚུད་པའི་མི་ཚོགས་དག།

མངོན་ལྐོག་གར་ལ་སུ་མཁས་ཀྱི།།

ལྟད་མོ་སྣ་ཚོགས་ཆད་མེད་རེད།།

སྨུག་པས་བཟུང་བའི་གྲུ་ཁ་དེར།།

གོམ་ཆུང་རླུང་བུའི་གཡོ་འདོད་ཀྱི།།

ཞེན་འདུན་སུ་ཡང་མེད་མོད་ཀྱི།།

ལན་ཆགས་སེན་མོས་ཡང་ཡང་འབྲད།།

ཆགས་སྡང་གྲིབ་མས་གཙེས་གཙེས་ནས།

འབྱམས་ཀླས་སྣང་བ་མ་འཁོར་ཐལ།།

རྟོག་ལྗོངས་ཆར་རླུང་རྒོད་རྒོད་ཀྱི།

ཡུལ་དག་མྱོང་བས་མ་ཆུམས་ཐལ།།

ཚིག་གི་མེ་ཏོག་སྤུད་ན་ཡང་།།

རེ་ཞིག་མཛེས་པའི་ལྗོངས་དག་མངོན།།

དེ་ལ་ཡན་པའི་བྱེའུ་ཆུང་ཚོགས།།

འཇིག་རྟེན་ཡག་པའི་རྟགས་ཙམ་འཛུམ།།

ཉོབ་དུབ་ལེ་ལོས་བཅོམ་པ་ཡི།།

སྙིང་པོའི་ཚིག་དག་གང་དུ་བསུབ།།

འཐེན་ཁྱེར་རྩིས་པའི་སྐར་མའི་གྲངས།།

བརྩི་བར་བདོག་རུང་ཅི་ཞིག་བྱ།།

ཨ་མྲའི་བྲོ་བ་མ་མྱོང་ཞིང་།།

ཞིམ་མངར་ལྕེ་རྩེ་འདར་བ་འདི།།

ལན་ཆགས་ནོགས་པའི་ཁ་ཡིག་གམ།།

ལས་བསོད་ཟད་པའི་ལྟས་ཤིག་གམ།།

ཡིད་གྲོང་འཕུར་བའི་བྱ་ཁྱུ་ཚོགས།།

གཤོག་པས་ཉམས་འགྱུར་དགོད་ཙམ་བྱས།།

ངལ་བའི་ནམ་མཁའ་སྟོན་ཙམ་བྱས།།

གྲང་བའི་ན་ཟུག་མྱོང་ཙམ་བྱས།།

ཀུན་རྟོག་སྒྱུ་མའི་རླུང་བུ་ཡིས།།

འཁོར་བའི་འཆར་བརྙན་འཛུམ་ཙམ་གྱི།།

དམིགས་པའི་སྣང་བ་མེད་བཞིན་དུ།།

རོལ་བ་འགགས་མེད་ཉིད་དུ་ཤར།།


  • ལེ་ཚན་སྔོན་མ།:མ་ངེས་པའི་ངག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།