ཁྱོད་ནི་ང་ཚོའི་སྐྱབས་དང་མགོན་ཉིད་ལགས།

གཅན་གླག་མིག།        2022-09-19

རིམས་ནད་དང་འཐབ་མཁན་ཡོངས་ལ་ཕུལ།

འཕྱོ་འཕྱོ་གཞན་ཕན་ལྷག་བསམ་མཁའ་རུ་འཕྱོ།།

གང་གང་མཚན་སྙན་དབྱངས་རྟས་ས་སྟེང་གང་།།

མངོན་མངོན་བྱམས་སེམས་གཟི་མདངས་སྙིང་ཁར་མངོན།།

འཕྲོ་འཕྲོ་སྙིང་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ།།

སྦྱིན་པའི་སེམས་རྒྱ་གཏེར་ཆེན་འཇིངས་ལས་ཟབ།།

བཟོད་པའི་ཐང་ཆེན་ཕ་མའི་ཐུགས་ལས་སྙོམས།།

བསམ་གཏན་རི་མོ་རི་རྒྱལ་དཔོན་ལས་བརྟན།།

ཤེས་རབ་བློ་སྤོབས་ནམ་མཁའི་མཐའ་ལས་ཆེ།།

རང་གཞན་བསམ་སྦྱོར་གཅིག་ཏུ་ཡོངས་འཁེལ་ཅིང་།།

ཕྱི་ནང་སྟོབས་ཤུགས་གཅིག་ཏུ་ལེགས་སྤྲུགས་ཏེ།།

རྒན་གཞོན་དམིགས་འབེན་གཅིག་ཏུ་ཡོངས་བཙུགས་པས།།

སྟོད་སྨད་གཉེན་བཤེས་ཡོད་དགུ་བདེ་བར་གནས།།

སྤེན་མའི་མེ་ཏོག་ལྟ་བུའི་རྩ་བ་མི་ཟབ་ཅིང་།།

འཇག་མའི་རྩེ་མོ་བཞིན་དུ་རྣོ་ངར་མེད་ན་ཡང་།།

འདམ་ལས་སྐྱེས་ཀྱང་དྲི་བྲལ་སྦྲང་རྩིའི་རྒྱལ་མཚན་ཁྱོད།།

ས་གསུམ་སྐྱེ་དགུ་དགའ་བྲོད་སྙིང་གི་དཀྱིལ་དུ་སིམ།།

རྒྱབ་རྟེན་ལུང་གི་རི་བོ་བརྟན་པོས་ཡོ་བ་བཅོས།།

དམ་བཅའ་རྡོ་རྗེའི་མདུད་པ་དམ་པོས་འཁྲུགས་པ་བསྡེབས།།

རྒོལ་བ་རིགས་པའི་མེ་ལྕེ་ཚ་བོས་རྨོངས་པ་བསྲེགས།།

སྤོབས་པ་གླང་པོའི་སྟོབས་འགྲོས་བརླིང་པོས་ཆད་པ་བསྐངས།།

དཀར་དཀར་ཁ་བ་དཀར་པོའི་སེམས་རྒྱུད་འདི་དཀར་བ།།

ལེགས་ལེགས་གངས་རི་དཀར་པོའི་རང་གཤིས་འདི་ལེགས་པ།།

བརྟན་བརྟན་གངས་ཆུ་བསིལ་མའི་བརྩོན་སེམས་འདི་བརྟན་པ།།

ཟབ་ཟབ་རྡོ་བརྐོས་རི་མོའི་བརྩེ་བ་འདི་ཟབ་པ།།

སྐྱིད་པའི་ཕ་ཡུལ་གཡས་སུ་དོར་ཏེ་བྱིངས་ལ་ཤ་ཚ་ཚ།།

དྲིན་ཆེན་ཕ་མ་གཡོན་དུ་བོར་ཏེ་ཡོངས་ལ་སྙིང་ཉེ་ཉེ།།

མཛའ་བའི་ཆུང་མ་ཅོག་གིས་བཞག་སྟེ་ཀུན་ལ་ཐུགས་དགྱེས་དགྱེས།།

གཅེས་པའི་བྱིས་ཆུང་ལིང་གིས་བསྐྱུར་ནས་སུ་ལ་བྱམས་དུང་དུང་།།

ལང་ཚོ་གཉེར་མས་བཅོམ་གྱི་གནས་ལུགས་བདེན་མཐའ་བསྐྱངས་ལ་གོམས།།

དབུ་སྐྲ་ཁ་བས་ཟོས་ཀྱི་དམིགས་ཡུལ་འབེན་མོ་ཕུག་པར་དགྱེས།།

དཔའ་གདེང་རྐུན་པོས་འཁྱེར་གྱི་རྨོངས་ཚོགས་སྨག་རུམ་འཇོམས་ལ་དགའ།།

འགན་འཁྲི་ཕྲག་ཏུ་མ་བབས་སྟོང་སེམས་འཆར་སྒོ་འགོག་ལ་རངས།།

མ་སྨིན་བྱིས་པས་མདུན་དུ་བཀག་ཀྱང་མདུན་སྐྱོད་ཀྱི་གོམ་འགྲོས་མ་ལྷོད།།

མ་ཞུམ་ཆུང་མས་རྒྱབ་ནས་འཐེན་རུང་འཐབ་འཛིང་གི་དཔའ་ངར་མ་ཞུམ།།

མ་སྒུར་ཕ་མས་སྟོད་ནས་བསྒུགས་རུང་ནད་གདོན་ལ་མགོ་བོ་མ་སྒུར།།

མ་བོར་གྲོགས་པོས་སྨད་ནས་བོས་རུང་གཞན་ཕན་གྱི་ལམ་བུ་མ་བོར།།

མི་སྡུག་གྲང་ལྷགས་གོས་སུ་གྱོན་ཡང་མཛུལ་ཞལ་འདབ་སྟོང་རྣམ་པར་བཀྲ།།

མ་བོས་ཚ་དམྱལ་མགྲོན་དུ་ཕེབས་ཀྱང་བསིལ་ཟེར་ལྷག་བསམ་ལན་དུ་སྦྱིན།།

མཚན་མོའི་གོས་ནི་ལུས་ལ་བཀླུབས་ཀྱང་འོད་ཕུང་གཟུགས་ཀྱི་རྣམ་རོལ་བ།།

མི་འདོད་ནད་ཡམས་ར་མདར་རྒྱུག་ལ་འཇིགས་མེད་བརྟུལ་ཞུགས་འཛིན་དེ་བསྔགས།།

མ་བགྲོས་སེམས་པ་གཅིག་ཏུ་མཐུན་ཕྱིན་རི་གཟར་རྦབ་རྡོ་གྱེན་དུ་བཟློགས།།

མ་བསྐུལ་བབས་འགན་ཕྲག་ཏུ་བླངས་ཕྱིན་ཐུར་འབབ་ཆུ་བོ་མཐའ་ནས་བཀག།

མ་བསྡུས་སྟོབས་ཤུགས་གཅིག་ཏུ་བསྡུས་ཕྱིན་མཐུ་བཙན་ནད་གདོན་རྩ་ནས་བཅོམ།།

མ་ནོར་བཤུལ་ལམ་གཅིག་ཏུ་བསྙེགས་ཕྱིན་མདུན་ལྗོངས་ངོ་མཚར་ཁྲི་མ་འབུམ།།

སྐུ་སྲོག་འབེན་དུ་བཙུགས་པས་ནད་གདོན་ཆམ་ལ་ཕབ་སྟེ་ནད་པ་སེམས་ཀྱིས་འཚོས།།

ལྟོ་གོས་གྱོང་ལ་བསྐུར་པས་ནད་གདོན་མཐའ་རུ་སྤྱུགས་ཏེ་ནད་པར་ཡིད་ཀྱིས་བརྟག།

དཀའ་བ་ཁྱད་དུ་བསད་པས་ནད་གདོན་རྨེག་མེད་བཅོམ་སྟེ་ནད་ལ་བློ་ཡིས་དཔྱད།།

ངལ་བ་དང་དུ་བླངས་པས་ནད་གདོན་དྲུང་ནས་ཕྱུངས་ཏེ་ཀུན་ལ་སྤྱན་གྱིས་གཟིགས།།



  • ལེ་ཚན་སྔོན་མ།:ཉི་ནུབ་རྗེས་ཀྱི་ཟླ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།