མི་རྟག་པའི་རང་རྣམ།

སྨྱུག་རྫི།        2022-09-16

དུས་བཞིའི་འགྱུར་བའི་གོམ་སྟབས་མྱུར་བ་ཡིས། །

མི་སེམས་དགའ་སྐྱོའི་སྣང་བ་རྟག་འགུལ་ཞིང་། །

ཕྱིར་ཡོང་མེད་པའི་དུས་ཚོད་འཁོར་ལོ་བཞིན། །

མི་ཚེ་འཇིག་པར་འཕྲད་ཐག་ཇེ་ཉེར་གཡོ། །

འཁོར་བ་མི་རྟག་རང་རྣམ་རབ་གསལ་མ། །

ཤིན་ཏུ་ཁྲོས་ཏེ་ཉེ་སར་འཚུབ་པ་འདིས། །

བདག་གི་སྣང་བ་མི་འཇགས་རབ་འཁྲུལ་ཅིང་། །

མིག་ཆུའི་འཚང་ཁ་རྟག་ཏུ་འཁྲིགས་པར་བྱས། །

དུས་ཀྱང་བརྟན་མེད་འཆི་བའི་འགག་འཕྲང་ནས། །

མི་ཚེ་མི་སྡོད་ཀུན་ཏུ་བགྲོད་པ་དང་། །

འཇིག་རྟེན་རྟག་མེད་ངལ་བའི་སྲིབ་ངོས་ན། །

བདག་དང་གྲོགས་པོའི་ཚོགས་ཀྱང་འཆི་བར་བྲེལ། །

ལྟོས་དང་མི་ལུས་ལན་གཅིག་ཐོབ་པ་འདིས། །

འཚོ་བའི་མེ་ལོང་དག་པར་མི་གྱུར་ཏེ། །

མེ་ཏོག་སད་ཀྱིས་འཁྱེར་སྟངས་གཅེས་ན་ཡང་། །

འཁོར་བའི་ཕུན་ཚོགས་གློག་བཞིན་འཁྱུག་སྟེ་སོང་། །

མཐོན་པོའི་མཁའ་ནས་འཇའ་འོད་འཁྱིལ་བ་དང་། །

དོག་མོ་ས་ནས་མེ་ཏོག་འཛུམ་པ་སོགས། །

མཛེས་པའི་ནང་ནས་མཆོག་ཏུ་གྱུར་ན་ཡང་། །

མི་རྟག་འགག་སྒོར་བགྲོད་སྟངས་གཅིག་པ་ཡིན། །

ལོ་ཟླར་ཚིག་གིས་ཡང་ཡང་བསྔགས་དུས་སུ། །

དབྱར་གྱི་ཕུན་ཚོགས་མཛེས་པའི་ཡང་རྩེ་ཡིན། །

ཆར་གྱི་ཐིགས་པ་ལྷུང་ངམ་མ་ལྷུང་རུང་། །

དོན་ལ་རིན་ཐང་བྲལ་བའི་སྐད་ཅིག་མ། །

དགུན་གྱི་གྲང་ངར་བཙན་ནམ་ལྷོད་ཀྱང་རུང་། །

ཡུན་ཐུང་ཞིག་ལ་རེག་རེག་བྱས་ཙམ་དང་། །

ཁ་བ་ས་རུ་འཐོར་རམ་མ་འཐོར་རུང་། །

གཏན་སྡོད་མེད་པར་འཇིག་པ་འདི་ཡང་ཅི། །

གདོང་གི་གཉེར་མ་ལྷོད་ཀྱིས་བསྡུས་པ་དང་། །

སྐྲ་ཡི་ལན་བུ་དཀར་པོར་འགྱུར་བ་སོགས། །

ཞིབ་ཏུ་བལྟས་ཚེ་འཆི་བའི་སོ་ཁ་ནས། །

རང་ཉིད་འཆི་བར་ཉེ་བའི་དན་རྟགས་ཡིན། །

  • ལེ་ཚན་སྔོན་མ།:ཡོམ་རྒུད་གདུང་འབོད་སྙན་ངག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།