ཨ་མར་ཕུལ་བའི་ཕྱག་འཚལ་གུས་ཕྱག་མ།

རྫ་སྨད་པ་ཆོས་འབྱོར།        2022-09-02

མཁའ་ལྡིང་སྤྲུལ་བས་མི་དཔོག་རབ་ཡངས་པ།།

མཐོ་རིས་ཚོགས་ཀྱི་སྐྱེད་ཚལ་ཡིད་བཞིན་ནོར།།

དེ་ཡི་ངོས་སུ་ངུར་སྨྲིག་ཟློས་གར་མཁན།།

ཤེས་རབ་འོད་ཀྱིས་ཉོན་མོངས་དགྲོལ་ལ་འདུད།།

ཞེན་ཆགས་ཆགས་ཐོགས་ཀུན་བྲལ་ཤཱཀྱའི་ཏོག།

མཚུངས་མེད་ལྷ་ཡི་མེ་ཏོག་ཁྱེད་ཞབས་ལ།།

གུས་པའི་ཚིག་གིས་ཞབས་རྡུལ་ཞི་བོར་ལེན།།

བདག་ཉིད་བདེ་གཤེགས་ཉིད་ལ་མཚུངས་གྱུར་ཅིག།

མཚན་མོའི་རི་བོང་འཛིན་པའི་ངོགས་སུ་སྟེ།།

ཚིག་རྩལ་ངང་བའི་རྒྱལ་མོ་རིང་ནས་མཇལ།།

གང་གིས་བྱང་ཆུབ་བདེ་གཤེགས་མ་མཇལ་བར།།

དེ་སྲིད་སྙིང་གི་ཁབ་ཏུ་བཞེས་ཀྱི་རོལ།།

རྐུན་རྫོབ་རྫུན་རས་གདོང་འབག་དེ་ཉིད་ལ།།

ལ་ཁའི་ཤ་ཁྱུ་ཇི་བཞིན་འདྲིས་སོང་བས།།

འཁོར་འདས་སྒྱུ་མར་དགྲོངས་དུས་འཕྱང་མོ་ཉུག།

བྱམས་བརྩེ་བོར་བའི་ལས་ཉོན་ཤ་ཝ་རི།།

རྟག་བརྟན་ཚིག་གི་ལུང་བསྟན་རང་ངོར་བཀུག།

རྟག་པའི་ཚིག་གི་ཡིད་འཕྲོག་ཀུམ་ལ་གཏུག།

རྟག་པ་བརྟན་པོར་མ་གྱུར་འབྱེར་ཙམ་གྱིས།།

རྟག་འཛིན་བྱིས་པའི་ཨ་མ་ངུ་ལ་རྩོམ།།

མི་རྟག་སྒྱུ་མའི་བརྡ་ཡི་བརྡ་ལུང་བྱུང༵་།།

བྱུང༵་ཡང་ཨ་མཐས་འཛིན་པས་དམ་ལ་བཏགས༵།།

བཏགས༵་པ་ཚིག་གི་མ་གྲོལ་གྲོལ་དཀའ་སོང༵་།།

སོང༵་བ་བྲག་རིའི་གཡའ་ལ་སྒོམ་ལ་སོང་།།

རང་བྱུང་ལྷན་སྐྱེས་སྒེག་པའི་མཉམ་ཐོན་པའི།།

ལང་ཚོའི་དཔྱད་དཔལ་རབ་རྫོགས་གང་འདི་ལ།།

རྒ་བའི་བུ་མོའི་རེག་པས་མ་བཅོམ་ཞིང་།།

ངུར་སྨྲིག་ཟློས་གར་བསྒྱུར་བའི་ཚོགས་གཉིས་འཁོར།།

མཐོ་རིས་ཚངས་པའི་སྐྲ་ཡི་བརྒྱན་བཅིངས་པའི།།

བཅུ་དྲུག་བུ་མོའི་སྒེག་ལྡན་མནྡ་ར།།

ཡིད་འོང་སྐྱེ་བྱེད་སྙན་པའི་ཆོ་ག་བྱ།།

མགྲིན་བཟང་ཚིག་གི་བཀག་རྒྱ་གྲོལ་གྱུར་ཅིག།



  • ལེ་ཚན་སྔོན་མ།:མེ་ཏོག་རྐང་གཅིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།