རྨི་ལམ་གྲོང་གི་མཛེས་པ།

        2022-08-22

ཉི་ཟླའི་རྣ་ལོང་འཁོར་བའི་ཞེ་ལ་ཐོགས། །

འཚོ་བའི་རྒྱང་མིག་རྨི་ལམ་གྲོང་དུ་ཕྱིན། །

ལས་ཀྱི་སེམས་ཉིད་དྲན་པའི་མེ་ལོང་ངོར། །

ཁྱེད་ཉིད་གཅིག་པུའི་འཛུམ་དེ་ལྷག་ཏུ་མཛེས། །

སེམས་འདུན་སྒྱུ་འཕྲུལ་བཞེངས་པའི་དམ་ཚིག་སྟེ། །

ཡིད་གཞུང་ཕྱིར་མིག་སྲུང་བའི་འཕགས་མ་ཡིན། །

དྲན་སྣང་དབྱངས་སུ་བཏེག་པའི་མཛའ་གཞས་དེ། །

འཚོ་བའི་རྣ་འབྱོག་ངོས་སུ་སྙན་པ་འཁྲོལ། །

མཆུ་སྒྲོས་པདྨའི་འཛུམ་མདངས་གྲོལ་ཙ་ན། །

ང་གཉིས་མཛེས་སྡུག་འཚོལ་བའི་ཡིད་འོང་དེ། །

ཚོར་བའི་བློ་མིག་ནང་གི་སྙིང་གཏམ་ལགས། །

ཐ་སྙད་ཚིག་གི་ཆར་དུ་ཁྱོད་རང་གླེང་། །

ལས་ཀྱི་བཏབ་པའི་མེ་ཏོག་གདོང་ལ་འཛུམ། །

ནང་སེམས་དྲོད་ཀྱིས་བཅངས་པའི་མཛེས་པ་དེ།།

བརྩེ་བའི་ལས་འཕྲོ་ཁྲེལ་གཞུང་ཁུད་ན་འཕྱོ། །

འུ་གཉིས་སྣང་བའི་བར་ཐག་རུམ་དུ་བཅུག །

ཞེན་ཆགས་མཚོ་ཡི་རླབས་རིས་ཤིག་ཤིག་གཡོ། །

ཚེ་རབས་རྨི་ལམ་སྟོང་གི་བག་ཆགས་ཡིན། །

རྩོམ་པ་པོ། ཇེང་།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འགྱོད་གདུང་གི་སྨྲེ་སྔགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།