2022-08-22
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིག་གནས་འཕེལ་རྒྱས་འཆར་འགོད》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
མཛུབ་ཁྲིད་དགོངས་པ།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཏེ། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱི་ཡོངས་བཀོད་ཇུས་དང་འཐབ་ཇུས་ཀྱི་བཀོད་ཇུས་ལ་དམིགས་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་ལ་དམིགས་པ། དར་ཆ་སྒྲེང་བ་དང་དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ཀྱི་ལས་འགན་དམ་བཟུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ། རིག་གནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིས་བརྗོད་དོན་གཙོ་བོར་འཛིན་པ། རིག་གནས་ཁྱབ་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ཟབ་གཏོང་། རིག་གནས་བཅོས་བསྒྱུར་དང་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་པ་དང་རིག་གནས། འཚོ་བ་བཅས་ཀྱི་དགོས་མཁོ་སྐོང་ཐབས་བྱ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་པ། བརྟན་ཐོག་ཡར་འཕེལ་དང་གཞུང་འཁྱོངས་གསར་འབྱེད་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་ཤུགས་ཆེ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་ཤུགས་ཆེ་རུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། གོང་བུ་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ནུས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་དང་། སྐྱེ་སྟོབས་དང་གསར་གཏོད་བྱེད་ནུས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན། འབོད་སྐུལ་བྱེད་ནུས་ཆེན་པོ་དང་ཤུགས་རྐྱེན་གྱི་ནུས་པ་ལྡན་པའི་ཀྲུང་ཧྭའི་རིག་གནས་ཀྱི་འཇམ་ཤུགས་བཅས་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱས་ཏེ། ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
ལས་ཀའི་རྩ་དོན།
ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། ཏང་གིས་རིག་གནས་འཕེལ་རྒྱས་གཏོང་བར་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ། ཏང་གིས་འཕྲིན་སྦྱོར་ལ་དོ་དམ་བཅས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་ནས་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་ཕྱོགས་གང་ཅིར་ཏང་གི་མགོ་ཁྲིད་དོན་འཁྱོལ་བྱས་ཏེ།རིག་གནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྩ་བའི་འགན་ལེན་བྱ་དགོས།
མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱ་དགོས། མི་དམངས་ལྟེ་བར་འཛིན་ནས་མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། མི་དམངས་ཀྱི་རིག་གནས་ཁེ་དབང་འགན་སྲུང་། མང་ཚོགས་ལ་ཞབས་ཞུ་བྱེད་པ་དེ་དྲིལ་བསྒྲགས་དང་སློབ་གསོ། ཁྲིད་སྟོན་བཅས་དང་ཟུང་འབྲེལ་བྱེད་པ། མི་དམངས་ཀྱིས་རིག་གནས་གསར་གཏོད་གསར་སྐྲུན་ནང་ཞུགས་པ་དང་ཁྲིམས་ལྟར་རྒྱལ་ཁབ་ཀྱི་རིག་གནས་བཅོས་སྐྱོང་ནང་ཞུགས་པར་སྐུལ་འདེད་གཏོང་བ། རིག་གནས་འཕེལ་རྒྱས་གཏང་རྒྱུ་དེ་མི་དམངས་ཀྱི་ཆེད་དུ་དང་། མི་དམངས་ལ་བརྟེན་པ། གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བྱས་ཏེ་མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏང་རྒྱུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏང་དགོས།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་བྱས་ནས་རིག་གནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། རིག་གནས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ། རིག་གནས་འཕེལ་རྒྱས་ཀྱི་བཀོད་པ་བསྐྱར་དུ་འཛུགས་པ་བཅས་བྱས་ནས་སྤུས་ཚད་དེ་བས་མཐོ་བ་དང་ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་དགོས།
— གཞི་བརྟན་འཕེལ་རྒྱས་དང་གཞུང་འཁྱོངས་གསར་འབྱེད་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་རིག་གནས་སྒྲིག་གཞི་བཅོས་བསྒྱུར་ཟབ་གཏོང་། གོ་རིམ་ལྡན་པའི་སྒོ་ནས་རིག་གནས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད།རིག་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེར་གཏོང་། རིག་གནས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས། གསར་བརྗེའི་རིག་གནས་རྒྱུན་འཛིན།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཅས་བྱ་དགོས།
— སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་རྒྱུན་འཁྱོངས་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་རིག་གནས་འཛུགས་སྐྱོང་གི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་དང་ཐོན་ལས་ཀྱི་ངོ་བོ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ནུས་ལྡན་གྱི་ཁྲོམ་ར་དང་སྲིད་གཞུང་ཟུང་འབྲེལ་དེ་བས་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། གཙོ་རྒྱུན་རིན་ཐང་དང་གཙོ་རྒྱུན་གླེང་ཕྱོགས། གཙོ་རྒྱུན་རིག་གནས་བཅས་མངོན་པ་དང་སྟོབས་ཆེར་གཏང་དགོས
— སྤྱི་འདོམས་དང་ཕྱོགས་ཡོངས་ལྟ་རྟོག་དང་ཕྱོགས་ཡོངས་ལ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱ་དགོས། བརྒྱུད་རིམ་ལྡན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་།རིགས་པའི་གཞུང་ལུགས་དང་གླེང་ཕྱོགས་། རིག་གནས་དང་དཔལ་ཡོན། ནང་ཁུལ་དྲིལ་བསྒྲགས་དང་ཕྱི་ཕྱོགས་དྲིལ་་བསྒྲགས། དྲ་ཐོག་དང་དྲ་ཕྱི་བཅས་ལ་སྤྱི་འདོམས། རྒྱལ་ཁབ་ནང་ཁུལ་དང་རྒྱལ་སྤྱི། བྱ་གཞག་དང་ཐོན་ལས། གཞུང་ཁོངས་དང་དམངས་གཉེར། གཡུལ་ས་དང་ཁྲོམ་ར་བཅས་ལ་སྤྱི་འདོམས་བཅས་བྱས་ཏེ་བརྒྱུད་རིམ་ལྡན་པའི་འདུས་གྲུབ་དང་མཉམ་སྒྲུབ་ལས་ཕྱོད་ཆེ་རུ་གཏང་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་གྲུབ་ཆ། གཞི་ཁྱོན། མྱུར་ཚད། ཕན་འབྲས། བདེ་འཇགས་བཅས་གཅིག་གྱུར་ཡོང་བར་བྱ་དགོས།
དམིགས་ཡུལ་ལས་འགན།
— ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་རང་རྟོགས་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་སྔར་བས་ཇེ་དྲག་ཏུ་་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དེ་བས་བཀྲག་མདངས་འཚེར་བའི་བདེན་དོན་གྱི་འོད་ཟེར་འཕྲོ་བར་བྱས་ནས་མི་དམངས་ཀྱི་བསམ་བློའི་ཐོག་ནས་དེ་བས་རང་འགུལ་དང་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བསམ་པའི་སྒུལ་ཤུགས་དེ་བས་འཕེལ་བར་བྱ་དགོས།
— སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་གཞི་དེ་བས་མཐོར་འདེགགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་ལ་གཏིང་ཟབ་ཟུག་པ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཅེས་རྒྱལ་གཅེས་དེ་བས་ཟབ་གཏོང་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་བཏང་ནས་མི་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད། ཚན་རིག་དང་རིག་གནས་ཀྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་གཏང་དགོས།
— རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དེ་བས་དར་རྒྱས་དང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་། རིག་གནས་ཐོན་ལས་མ་ལག། ཀུན་འདུས་འཕྲིན་སྦྱོར་ཁྱབ་སྤེལ་མ་ལག། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་བཅས་ཀྱི་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པ། གྲོང་ཁྱེར་དང་ཞིང་སྡེའི་ས་ཁོངས་རིག་གནས་འཕེལ་རྒྱས་དེ་བས་དོ་སྙོམས་དང་མཐུན་སྦྱོར་བྱེད་པ། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱ་དགོས།
— ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་དང་ཡ་རབས་ཀྱི་གླེང་མོལ་དེ་བས་གཏིང་ཟབ་བྱས་ཏེ་ཀྲུང་གོའི་སྣང་བརྙན་དེ་བས་བློས་འགེལ་ཆོག་པ་དང་། གཅེས་སུ་འོས་པ། གུས་བཀུར་ཐོབ་པ་བཅས་བྱས་ནས་འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་་གཏོད་པའི་མི་ཆོས་རིག་གནས་ཀྱི་རྨང་གཞི་དེ་བས་བརྟན་དུ་འགྲོ་བར་སྐུལ་འདེད་གཏང་དགོས།
— ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་དང་བཅའ་ཁྲིམས་ཁྲིམས་སྲོལ་བཅས་ཀྱི་མ་ལག་དང་སྲིད་ཇུས་མ་ལག་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་བཅོས་སྐྱོང་གི་ཕན་ནུས་སྔར་བས་ཆེ་རུ་གཏང་དགོས།།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10