སློབ་གསོ་པུའུ་སོགས་སྡེ་ཁག་མང་པོས་མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་དུ་བྱས་རྗེས་འཇོག་པར་བསྐྱོད་པར་ཁྲིད་སྟོན་དང་སྐུལ་ལྕག་བྱས་པ།

        2022-08-12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པར་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་པ་ནི་བརྒྱུད་རིམ་ལྡན་པའི་བཟོ་འགོད་ཅིག་ཡིན་པས་སྲིད་གཞུང་དང་མཐོ་སློབ། སྤྱི་ཚོགས་བཅས་ཀྱི་སྟོབས་ཤུགས་ཀྱིས་ཕྱོགས་མང་མཉམ་འགུལ་བྱེད་དགོས། སློབ་གསོ་པུའུ་ཡིས་ས་གནས་ཁག་དང་མཐོ་སློབ་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་མཛུབ་ཁྲིད་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་ས་གནས་དང་མཉམ་དུ་སྲིད་ཇུས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གསོ་སྐྱོང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་འགན་ལེན་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་བྱས་རྗེས་འཇོག་པར་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་མ་བཏང་ནས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་ལང་ཚོའི་མཆོད་པ་འབུལ་དགོས།

སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ཀྱི་བར་མཐོངས་རྒྱ་ཆེར་བཏང་།

ཀྲུང་དབྱང་གི་གཞི་རིམ་རྣམ་གྲངས་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། ད་ལོའི་ཚུན་སློབ་གསོ་པུའུ་ཡིས་མི་སྤྱི་པུའུ་དང་ནོར་སྲིད་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་སྡེ་ཁག་དང་མཉམ་དུ“དམིགས་བསལ་ལས་གནས་ཀྱི་འཆར་གཞི”དང“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”། “ནུབ་རྒྱུད་འཆར་གཞི”སོགས་ཀྲུང་དབྱང་གི་གཞི་རིམ་རྣམ་གྲངས་ལ་མི་བསྡུ་བའི་ལས་དོན་ཡག་པོ་བསྒྲུབས་ཡོད།2022ལོའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞིའི་ནང་མཐོ་སློབ་མཐར་ཕྱིན་སློབ་མ་ཁྲི3.4བསྡུ་རྒྱུ་དང་། “དམིགས་བསལ་ལས་གནས་འཆར་གཞིའི”ནང་རྒྱལ་ཡོངས་སུ་མི་ཁྲི6.7བསྡུ་རྒྱུ། “ནུབ་རྒྱུད་འཆར་གཞི”ནང་སློབ་མ་ཁྲི3.67བསྡུ་རྒྱུ་བཅས་རེད། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་སོགས་ས་ཁུལ་ལ་གཙོ་གནད་ཐོག་གཟིགས་སྐྱོང་བྱས་ནས་གྲོང་གསེབ་ཀྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ཡོད།

ས་གནས་ཁག་གི་མཐོ་སློབ་སོ་སོས་སྲིད་ཇུས་ལ་བརྟེན་ནས་མི་མངོན་པའི་སྦས་ཤུགས་ཆེ་རུ་བཏང་སྟེ་མཐར་ཕྱིན་སློབ་མའི་ལས་ཞུགས་བར་མཐོངས་ཆེ་རུ་བཏང་། ཉིང་ཞ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དང་།སློབ་སྔོན་སློབ་གསོའི་དགེ་རྒན། གྲོང་གསེབ་ཀྱི་སྨན་པ། ཁྲིམས་འཛིན་གཞོགས་འདེགས་པ་སོགས་གཞི་རིམ་གྱི་ཞབས་ཞུའི་ཆེད་དོན་འཆར་གཞི་ལག་བསྟར་བྱས་ཏེ་ལོ་འདི་གའི་མཐོ་སློབ་མཐར་ཕྱིན་སློབ་མ2000གཞི་རིམ་དུ་ལས་ཀ་བྱེད་པར་གདན་ཞུ་བྱས་པ་དང་། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལ་མི3000ནས4100བར་ཇེ་མང་དུ་བཏང་ཞིང་། “ནུབ་རྒྱུད་འཆར་གཞི”ལ་མི380ནས640བར་ཇེ་མང་དུ་བཏང་ཡོད།

ལས་ཞུགས་མི་སྐྱོང་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ལ་དྲིན་གཟོ་བའི་སྤྲོ་སེམས་འཕེལ་བར་བྱས།

མཐར་ཕྱིན་སློབ་མར་ཁྲིད་སྟོན་བྱས་ཏེ་སྒེར་གྱི་ཕུགས་བསམ་དོན་གཉེར་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་མཉམ་འདྲེས་ཡོང་བ་བྱས་ཤིང་། སློབ་གསོ་པུའུ་ཡིས2022ལོའི་མཐར་ཕྱིན་སློབ་མར《གཞི་རིམ་དུ་ལས་ཞུགས་བྱས་ཏེ་ཕུགས་འདུན་མངོན་འགྱུར་བྱེད》དང《ཕུགས་བསམ་ཆེན་པོ་འཆང་ནས་དངོས་སྒྲུབ་དོན་གཉེར་ལ་བརྩོན》སོགས“དྲ་སྦྲེལ+ལས་ཞུགས་མཛུབ་ཁྲིད”ཀྱི་སྤྱི་ཕན་ཐད་གཏོང་སློབ་ཚན་ཐེངས42བཏོན་པར་རིམ་རྩིས་བྱས་ན་ལྟ་མཁན་མི་ཐེངས་དུང་ཕྱུར1.2ཟིན་ཡོད། “ལས་ཞུགས་སྐུལ་འདེད་གཟའ་འཁོར”རིང་། ས་གནས་ཁག་དང་མཐོ་སློབ་ཀྱིས་གཞི་རིམ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཐེངས4824སྤེལ་བར་སྐུལ་འདེད་བཏང་ཡོད། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མའི་གཞི་རིམ་ལས་ཞུགས་སྲིད་ཇུས་ཀྱི་སྤྱི་བསྒྲགས་ཡོངས་བསྒྲགས་དང་། གཞི་རིམ་གྱི་ལས་ཞུགས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། མཐར་ཕྱིན་སློབ་མར་གཞི་རིམ་དུ་གཞི་ཚུགས་པ་དང་འབད་འབུངས་ལེགས་སྐྱེས་འབུལ་བར་ཁྲིད་སྟོན་བྱས།

ས་གནས་ཁག་དང་མཐོ་སློབ་ཁག་གིས་ལས་ཞུགས་མི་སྐྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་མར་ཤེས་ལྡན་པར་འགྱུར་བའི་ལྟ་བ་དང་། ལས་རིགས་ཀྱི་ལྟ་བ། ལས་ཞུགས་ཀྱི་ལྟ་བ་བཅས་ཡང་དག་བཙུགས་ནས་གཞི་རིམ་དུ་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱས།

སྐྱེད་སྲིང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་རོགས་རམ་བྱས།

ཟླ་6པར་མི་སྤྱི་པུའུ་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཏང་ནས། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣའི་ནུས་པ་ཆེ་རུ་གཏོང་བའི་ཆེད་དོན་འཆར་གཞི་མུ་མཐུད་དུ་ལག་ལེན་བསྟར་ནས། 2022ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མི་ཐེངས8000ལ་གསོ་སྦྱོང་བྱེད་པར་རོགས་རམ་བྱས་པ་དེའི་ནང་གྲོང་གསེབ་དར་རྒྱས་ཀྱི་བརྗོད་དོན་གཙོ་བོའི་གསོ་སྦྱོང་མི་ཐེངས5000ཚུད་ཡོད། ས་གནས་ཁག་ལ་ཆེད་དོན་གསོ་སྦྱོང་གི་འཆར་གཞི་དོན་འཁྱོལ་ནན་ཏན་བྱེད་པ་དང་ཞབས་ཞུའི་དུས་འཁོར་ཡོངས་ཀྱི་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་གནས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་སྦྱོང་བརྡར་དང་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད། ས་གནས་ཁག་དང་མཐོ་སློབ་ཁག་གིས་དོན་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་མཐར་ཕྱིན་སློབ་མའི་ལས་ཞུགས་སྔོན་གྱི་ནུས་པའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཡོད།

ཞབས་ཞུའི་འགན་ལེན་ཇེ་ལེགས་སུ་བཏང་ནས་ཤེས་ལྡན་མི་སྣར་བརྟེན་ནས་ལས་རིགས་དར་རྒྱས་ལ་སྐུལ་འདེད་བཏང་བ།

གཞི་རིམ་དུ་བསྐྱོད་ཐུབ་པ་དང་ལས་ཀ་ལེགས་པོར་སྒྲུབ་ནུས་པ། ད་དུང་གཞི་ཚུགས་ཐུབ་པར་བྱ་དགོས། སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཟིགས་སྐྱོང་སྲིད་ཇུས་བཏོན་ནས། ས་གནས་ཁག་དང་མཐོ་སློབ་ཁག་གིས་ཞབས་ཞུའི་འགན་ལེན་འཐུས་ཚང་དང་ཇེ་ལེགས་སུ་གཏོང་བར་མཛུབ་ཁྲིད་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་དུ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་ཆ་རྐྱེན་བཟང་པོ་བཏོད་དེ། མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་གྱི་འཐབ་ས་དང་པོར་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་པའི་སྤྲོ་སེམས་འཕེལ་བར་བྱས།

སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་ཐོབ་ཐང་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ས་གནས་ཁག་གིས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་གླ་ཕོགས་དུས་ཐོག་དང་འདང་ངེས་སྒོས་སྤྲོད་ཐུབ་པར་འགན་ལེན་བྱས་ཏེ། གཏན་འབེབས་གཞིར་བཟུང་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ནས་ལོ་གསུམ་གྱི་ཞབས་ཞུའི་དུས་ཡུན་ཐིམ་པ་དང་དཔྱད་ཞིབ་ཚད་ལོན་པ་མ་ཟད། མུ་མཐུད་དུ་ལས་ཀ་བྱེད་འདོད་ཡོད་པའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་དག་དུས་ཐོག་ཏུ་སྒྲིགགཞི་ནང་དུ་འཇུག་དགོས་པ་དང་འབྲེལ་ལས་གནས་དོན་འཁྱོལ་བྱེད་དགོས་པར་ནན་གྱིས་བསྟན། མཐོ་སློབ་མཐར་ཕྱིན་སློབ་མས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་ཁྱབ་ཁོངས་སུ་ལས་གཏོད་བྱེད་པ་ལ། སློབ་གསོ་པུའུ་དང་དམངས་སྲིད་པུའུ་སོགས་པུའུ་ཨུ་བཞི་ཡིས་མཉམ་དུ་བརྡ་ཐོ་བཏང་ནས། ས་གནས་ཁག་གིས་གཏན་འབེབས་ལྟར་ཁྲལ་གྲོན་གཟིགས་སྐྱོང་དང་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ། ལས་གཏོད་ཁག་ཐེག་དངུལ་བུན་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པ་དང་། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་ཀྱིས་སྡེ་ཁུལ་གྱི་འབྲེལ་ཡོད་ཞབས་ཞུའི་སྒྲིག་གཞིར་དགོས་ངེས་ཀྱི་ས་ཆ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །


  • ལེ་ཚན་སྔོན་མ།:ཀྲུང་གོའི་ཤིང་ཟམ་རིང་ཤོས་ལ་མེ་ཤོར་ནས་ཟམ་པ་བརྡིབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10