རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡིག་ཆ་བཀྲམས་ནས་བཅོལ་གསོ་སྒྲིག་གཞིའི་འཕྲོད་བསྟེན་གདེང་འཇོག་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

        2022-08-09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ལོ་གསུམ་མན་གྱི་ཕྲུ་གུར་ལྟ་རྟོག་བྱེད་པའི་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཏེ་བཅོལ་གསོ་སྒྲིག་གཞི་ཚད་ལྡན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཕྲུ་གུ་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ཞབས་ཞུའི་དགོས་མཁོ་སྐོང་བ། ཕྲུ་གུ་དང་བྱིས་པའི་བདེ་ཐང་ལ་འགན་ལེན་བྱེད་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་གིས་ཉིན་ཤས་གོང་བརྡ་སྦྱོར་བཏང་ནས་བཅོལ་གསོ་སྒྲིག་གཞིའི་འཕྲོད་བསྟེན་གྱི་གདེང་འཇོག་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོ་ལས། བཅོལ་གསོའི་སྒྲིག་གཞིའི་ཐོ་འགོད་བྱེད་པའི་འབྲེལ་ཡོད་འཕྲོད་བསྟེན་གདེང་འཇོག་གི་གཞི་རྩའི་བླང་བྱ་ཁ་གསལ་བཏོན་ཡོད། ཕྲུ་གུ་དང་བྱིས་པའི་བདེ་ཐང་འགན་ལེན་བྱ་རྒྱུ་མགོ་འཛུགས་སར་བྱས་ཏེ། 《བཅོལ་གསོ་སྒྲིག་གཞིའི་འཕྲོད་བསྟེན་གདེང་འཇོག་གི་གཞི་རྩའི་ཚད་གཞི(ཚོད་ལྟའི་ལག་བསྟར)》བཟོས་ནས། ཁོར་ཡུག་འཕྲོད་བསྟེན་དང་སྒྲིག་བཀོད་སྒྲིག་ཆས། མི་སྣ་བཀོད་སྒྲིག འཕྲོད་བསྟེན་འཕྲོད་སྦྱོར་ལམ་ལུགས་སོགས་ཕྱོགས་བཞིའི་ཐད་དགུན་དུས་ཉི་འོད་ཕོག་དགོས་པའི་ཕྲུ་གུ་དང་བྱིས་པའི་འཚོ་བར་སྤྱོད་པའི་ཁང་པའི་སྒེའུ་ཁུང་གི་རྒྱ་ཁྱོན་དེ་ཁང་པ་དེའི་རྒྱ་ཁྱོན་གྱི20%ལས་མི་ཉུང་བ་བྱེད་དགོས་པ་སོགས་ཀྱི་གཞི་རྩའི་བླང་བྱ14བཏོན་ཡོད།

བརྡ་ཐོ་གཞིར་བཟུང་། བཅོལ་གསོ་སྒྲིག་གཞིས་གནས་ཡུལ་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་སྐབས་གཞི་རྩའི་ཚད་གཞིའི་བླང་བྱ་ཁག་གསལ་བོར་སྐོང་དགོས།

དེ་དང་ཆབས་ཅིག བརྡ་ཐོ་ལས་ཐོ་འགོད་དང་ལྟ་སྐུལ་དོ་དམ་བྱ་རྒྱུའི་གསལ་བོར་བཟོས་ཡོད། བཅོལ་གསོ་སྒྲིག་གཞི་ཐོ་འགོད་མ་བྱས་གོང་གཞི་རྩའི་ཚད་གཞི་ལྟར་རང་གིས་རང་ལ་དཔྱད་དཔོག་བྱས་ནས། གཞི་རྩའི་ཚད་གཞིའི་བླང་བྱ་ཁག་ལོན་པའི་ཕྱོགས་ནི་ཚད་གཞི་ལོན་པ་ཡིན། རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་ལ་བཅོལ་གསོ་སྒྲིག་གཞིས་ཐོ་འགོད་སྙན་སེང་ཞུ་སྐབས་ཕུལ་བའི་འཕྲོད་བསྟེན་གདེང་འཇོག་སྙན་ཞུ་འབྱོར་ཚེ། རྒྱུ་ཆའི་ཆ་ཚང་རང་བཞིན་ལ་ཞིབ་བཤེར་བྱེད་དགོས།

རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་བཅོལ་གསོ་སྒྲིག་གཞིར་ཐོ་འགོད་སྙན་སེང་གི་མཆན་ལན་སྤྲད་རྗེས། ནན་ཏན་སྒོས་གཞི་རྩའི་ཚད་གཞིར་གཞིགས་ཏེ། བཅོལ་གསོ་སྒྲིག་གཞིའི་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་དཔྱད་རྩད་འདྲི་བྱེད་དགོས། གཞི་རྩའི་ཚད་གཞི་དང་མི་མཐུན་པའི་རིགས་ལ། ཐོ་འགོད་སྙན་སེང་ཡིག་ཆ་བསྡུ་ལེན་བྱས་ཉིན་ནས་བརྩིས་པའི་ལས་ཀའི་ཉིན་གྲངས15ཡི་ནང་ཚུན་དུ་ཐོ་འགོད་ལས་ཁུངས་ལ་བརྡ་སྦྱོར་བྱ་དགོས་པ་དང་། རྒྱུ་མཚན་གསལ་བཤད་དང་ཡོ་བསྲང་བྱེད་པའི་བཀའ་ཡིག་སྤྲོད་དགོས་པ་མ་ཟད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་དགོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། “ད་ཆའི་རང་རྒྱལ་གྱི་བཅོལ་གསོ་ཞབས་ཞུ་མགོ་ཚུགས་མ་ཐག་ཡིན་པས། བཅོལ་གསོ་སྒྲིག་གཞིའི་གཞི་ཁྱོན་ཅུང་ཆུང་བའི་ད་ལྟའི་གནས་ཚུལ་ལ་གཞིགས་ན། གཞི་རྩའི་ཚད་གཞི་དེ་ཕྲུ་གུ་དང་བྱིས་པའི་ལྟ་རྟོག་ཞབས་ཞུའི་བདེ་འཇགས་ཚད་གཞིའི་ཐད་ཀྱི་མང་ཚོགས་ཀྱི་དགོས་མཁོ་བསྐངས་ནས། ཕྲུ་གུ་དང་བྱིས་པའི་བདེ་ཐང་ལ་འགན་ལེན་བྱེད་དགོས་པ་མ་ཟད། བཅོལ་གསོ་སྒྲིག་གཞིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་འཕེལ་རྒྱས་ཆུ་ཚད་དང་འཚམ་པར་བྱས་ཏེ། བཅོལ་གསོ་སྒྲིག་གཞི་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་དགོས་ཟེར། །


  • ལེ་ཚན་སྔོན་མ།:རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།