དུང་དཀར་ལུང་པས་ཡུལ་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་།

        2022-08-08

དུང་དཀར་ལུང་པས་ཡུལ་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་།

ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་དུང་དཀར་ལུང་པར་སྤྱི་ཚོགས་ལག་ལེན་གྱི་བྱེད་སྒོ་སྤེལ་བ།


དུང་དཀར་ལུང་པས་ཡུལ་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་།

སློབ་ཆེན་སློབ་མས་ཡུལ་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་བཞིན་པ།


བརྗིད་ཉམས་ལྡན་པའི་གངས་རི་དང་གཟི་འོད་འབར་བའི་འཁྱགས་ཀླུང་། རྩེར་སོན་པའི་རང་བྱུང་ཚ་ཆུ། ནགས་ཀླུང་སྟུག་པོའི་གདོད་མའི་ནགས་ཚལ། ཁྱད་ལྡན་གྱི་དམངས་སྲོལ་སོགས་ཁྱད་ཆོས་ཀྱིས་རབ་ཏུ་ཕྱུག་པའི་དབྱར་གཞུང་གི་དུང་དཀར་ལུང་པ་ནི་མཛེས་སྡུག་གི་ཁོ་ལག་རྫོགས་ཤིང་ངོ་མཚར་ལྟད་མོ་མིག་གི་དགའ་སྟོན་དུ་གྱུར།

རང་ཁུལ་གྱིA5རིམ་པའི་མཛེས་ལྗོངས་ཁུལ་ཨང་དང་པོ་ཡིན་པའི་ཆ་ནས་བཤད་ན། དུང་དཀའ་ལུང་པ་ནི་གངས་དཀར་རི་བོའི་ས་ཁོངས་ཀྱི་ཡུལ་སྐོར་བྱེད་ཡུལ་གཙོ་བོ་རེད། ཉེ་བའི་ལོ་ཤས་རིང་། དུང་དཀར་ལུང་པས་ནུས་ཤུགས་ཡོད་དགུས་སི་ཁྲོན་གངས་འཁྱགས་ཚ་ཆུའི་སྤུས་རྟགས་བཏོད། ཁྲེང་ཏུའུ་དང་ཁྲུང་ཆིང་ནུབ་རྒྱབ་ཀྱི་མེ་ཏོག་གླིང་ཁུལ་སྟེ་ཁམས་གསོའི་སྤྲོ་གསེང་བྱ་ཡུལ་འཕེལ་རྒྱས་གཏང་རྒྱུའི་གནས་ཐིག་གཏན་འཁེལ་ལ་དམིགས་ནས་ཡུལ་སྐོར་གྱིས་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ་ཐོན་ལས་སྲོག་ཤིང་གསོ་སྐྱོང་དང་རྒྱ་སྐྱེད་བཏང་ཡོད། རྒྱུད་གཅིག་ལམ་གཅིག་གི་ཞིང་ལས་གོང་སྤེལ་འཐབ་ཇུས་ཀྱི་བཀོད་པར་དམིགས་ནས། ཧུར་ཐག་གིས་དུང་དཀར་ལུང་པ་དེ་རི་ཁུལ་གྱི་ཡུལ་སྐོར་དང་ཚ་ཆུའི་ཁམས་གསོ་གཙོ་བོ་ཡིན་པའི་གངས་དཀར་རི་བོའི་དུང་དཀར་ལུང་པའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་བསྒྱུར་ནས། དུང་དཀར་ལུང་པའི་ཡུལ་སྐོར་འགུག་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་སྣོན་བརྒྱབ་ནས། ཚ་ཆུ་དུས་སྟོན་དང་ཚ་ཆུའི་གསོལ་སྟོན། ཚ་ཆུའི་ལུས་འཁྲུད། ཚ་ཆུའི་སྤྲོ་སྐྱིད་སོགས་གཉེར་དུ་བཅུག་ནས་དུང་དཀར་ལུང་པའི་ཡུལ་སྐོར་མྱོང་རོལ་གསར་པ་ཞིག་ཏུ་འགྱུར་བ་བྱས་དང་བྱེད་བཞིན་ཡོད་པ་རེད།

དབྱར་ཁའི་ཡུལ་སྐོར་དུས་ཚིགས་དང་བསྟུན་ནས་རང་ཁུལ་གྱི་ཡུལ་སྐོར་བྱ་ཡུལ་མང་པོ་ཞིག་ལ་ཡུལ་སྐོར་བ་མང་པོ་སླེབས་ཤིང་། ཡུལ་སྐོར་ལས་དོན་ཁང་དང་མཛེས་ལྗོངས་ཁུལ། མགྲོན་ཁང་མི་ཉུང་བ་ཞིག་གིས་ཁྲོམ་རའི་རྗེས་སུ་བསྙེགས་ནས་ཡུལ་སྐོར་ཐོན་རྫས་དང་རྣམ་གྲངས་ལེགས་སྒྲིག་བྱས་ཏེ་རྩེད་མོར་རོལ་བ་དང་ཉམས་ལེན་བྱེད་པ། ཡུལ་སྐོར་དོན་སྙིང་དང་ལྡན་པར་འགྱུར་རྒྱུ་དེ་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་བ་ཞིག་ཏུ་གྱུར།

ནམ་རྒྱུན་དབྱར་གནང་དང་དགུན་གནང་གི་དུས་སུ་སླེབས་སྐབས། ཡུལ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་དེ་ཁྱིམ་ཚང་མང་པོའི་བུ་ཕྲུག་གི་ཡུལ་སྐོར་བྱེད་པའི་ཚད་གཞི་ཞིག་ཏུ་གྱུར་ཅིང་། སློབ་མ་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ཡུལ་སྐོར་གྱི་རྣམ་པ་བརྒྱུད་ནས་ཡུལ་སྐོར་ཞིབ་འཇུག་གི་མཐོང་རྒྱ་ཆེ་རུ་གཏོང་བ་དེ་ཡུལ་སྐོར་གྱི་རྣམ་པ་ཞིག་ཏུ་ཆགས་པ་དང་དེར་དགའ་བསུ་ཆེན་པོ་ཐོབ།

ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཡུལ་སྐོར་དོ་དམ་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་ཧྥུ་ཀོང་ཧའེ་ཡིས་གསར་འགོད་པར་ཡུལ་སྐོར་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་ནི་སློབ་གྲྭའི་སློབ་གསོ་དང་སློབ་ཕྱིའི་སློབ་གསོ་འབྲེལ་མཐུད་བྱེད་པའི་གསར་གཏོད་ཀྱི་རྣམ་པ་ཞིག་ཡིན་པས་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་དེ་རྩ་བའི་དམིགས་ཡུལ་དུ་བྱས་ནས་སློབ་མས་ལྟ་སྟངས་གསར་རྐྱང་གི་ཐོག་ནས་འཛམ་གླིང་ལ་ལྟ་སྟངས་འཛིན་རྒྱུར་སྐུལ་མ་གཏོང་གི་ཡོད། རིག་གནས་དང་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་ཉམས་ལེན་གསར་བ་དེས་དཔེ་དེབ་ཀྱི་ཤེས་བྱ་དང་འཚོ་བའི་ཉམས་ལེན་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཐུབ། ཡུལ་སྐོར་ལ་ཞིབ་འཇུག་བྱེད་པ་དེ་སློབ་སྦྱོང་བྱེད་སྟངས་ཤིག་ཡིན་པར་མ་ཟད། ཡུལ་སྐོར་གྱི་ཁྱད་ཆོས་ཆེན་པོ་ལྡན་པས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཀྱི་ཡོད་པ་རེད།

དཔེ་ཆ་མང་པོ་ཀློག། ལམ་ཐག་རྒྱང་དུ་བསྐྱོད།། ཡུལ་སྐོར་ཞིབ་འཇུག་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གནད་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་ཆེན་པོར་འགྲོ་བཞིན་ཡོད། སྤྱི་ཟླ7པའི་ཚེས12ཉིན། ཧྥུ་ཀོང་ཧའེ་ཡིས་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཡུལ་སྐོར་དང་། གྲོང་ཁྱེར་དང་ཡུལ་སྡེ་འཆར་འགོད་སློབ་གླིང་གི་ཞིབ་འཇུག་དང་སློབ་སྦྱོང་ཟུང་དུ་འབྲེལ་བའི་ཡུལ་སྐོར་ཞིབ་འཇུག་བརྗོད་དོན་ཡིན་པའི་ལག་ལེན་ཚོགས་པ་སྣེ་ཁྲིད་དེ་དུང་དཀར་ལུང་པར་ཉིན་ལྔའི་རིང་གི་དབྱར་གནང་གི་སྤྱི་ཚོགས་ལག་ལེན་གྱི་བྱེད་སྒོ་སྤེལ། དུང་དཀར་ལུང་པ་གཙོར་བྱས་པའི་འབོ་ཞབས་གྲོང་རྡལ་དང་པའེ་དབྱང་ཕིང་གྲོང་སྡེ། འབོ་བཀག་གླིང་གྲོང་སྡེ། བེ་ཤིང་ཐང་གྲོང་སྡེ་བཅས་ཀྱི་ཞིབ་འཇུག་ཐོན་ཁུངས་ལ་རྟོབ་ཞིབ་བྱས་ནས་རྒྱུས་ལོན་དང་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།

འབོ་ཞབས་དམར་དམག་རྒྱང་སྐྱོད་བཤམས་སྟོན་ཁང་དུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས་སློབ་མ་ཚོར་གསར་བརྗེའི་རིག་གནས་ཀྱི་སྙིང་བཅུད་ཁྲོད་ཀུན་སྤྱོད་གསོ་སྦྱོང་བྱེད་དུ་བཅུག། དུང་དཀར་ལུང་པའི་འཁྱགས་ཀླུང་ནགས་ཚལ་གླིང་ག་རུ་རང་བྱུང་ཚན་རིག་ཁྱབ་གདལ་ཞིབ་འཇུག་བྱས་ནས་སློབ་མ་ཚོས་འཁྱགས་ཀླུང་གི་གསང་བར་རྒྱུས་ལོན་བྱས་པ་དང་། པའེ་དབྱང་ཕིང་གྲོང་སྡེ་དང་འབོ་བཀག་གླིང་གྲོང་སྡེ། བེ་ཤིང་ཐང་གྲོང་སྡེ་སོགས་སུ་སློབ་མ་རྣམས་ལ་ཡུལ་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་དེས་ཡུལ་སྡེ་དར་རྒྱས་མངོན་འགྱུར་བྱེད་སྟངས་དང་དོན་དངོས་ཀྱི་ཕན་འབྲས་ལ་སྐུལ་འདེད་ཐོབ་པར་རྒྱུས་ལོན་གཏིང་ཟབ་བྱས་ནས་སློབ་མ་ཚོར་ཉམས་ལེན་ཁྲོད་ནས་ཤེས་རྒྱ་ཆེ་རུ་བཏང་།

“ཞིབ་འཇུག་དང་སྤྱོད་པ་ཟུང་འབྲེལ”ཚན་པའི་སློབ་མའི་འགན་འཁུར་བ་ཝུའུ་ཅ་རུའེ་ཡིས་སྒོ་འགྲམ་གྱི་གསར་བརྗེའི་མཛེས་ལྗོངས་ཁུལ་དང་རྒྱང་ཐག་མི་རིང་བའི་ཞིང་ཁ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་རིན་ཐང་ལྡན་པའི་སློབ་ཁང་གཉིས་པར་གྱུར་ནས་ང་ཚོར་ཕན་པ་ཆེན་པོ་ཐོབ་བྱུང་ཞེས་བཤད།

ཕུའུ་ཀོང་ཧའེ་ཡིས་ཡུལ་སྐོར་ཐོན་རྫས་དེ་དེ་སྔའི་འབྲེལ་གཏུག་དང་ཁྱབ་ཁྱོན་ལ་མཐོང་ཆེན་བྱེད་པ་ནས་རིམ་བཞིན་རང་གཤིས་ཅན་གྱི་དགོས་མཁོར་གྱུར་བ་དང་མཉམ་དུ། རིམ་པ་ཟབ་མོ་དང་བརྗོད་དོན་གཙོ་བོར་གྱུར་པ་སོགས་ཀྱི་ཁ་ཕྱོགས་ལ་འགྱུར་ལྡོག་གཏང་རྒྱུར་སྔར་ལས་མཐོང་ཆེན་བྱེད་ཀྱི་ཡོད། ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་ཡུལ་སྐོར་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་གཏང་རྒྱུ་དེ་དུང་དཀར་ལུང་པའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་ཅིག་ཏུ་གྱུར་ཡོད་ཅེས་བཤད།

ཡུལ་སྐོར་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་དེ་སྤུས་ལེགས་ཀྱི་ནང་དོན་གསར་སྤེལ་དང་སྤྱི་ཚོགས་ཐོན་ཁུངས་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ལ་ཆེད་ལས་མི་སྣའི་འགག་གནད་དང་དེ་བས་ཀྱང་བྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་དུང་དཀར་ལུང་པས་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་དར་སྤེལ་ཤུགས་ཆེན་བཏང་ནས་ཆེད་ལས་རང་བཞིན་དང་སྤྲོ་སྣང་རང་བཞིན་ཟུང་འབྲེལ་བྱས་ཏེ་སློབ་མ་ཚོ་རང་བྱུང་ཁམས་སུ་ཕྱིར་ལོག་བྱས་ནས་རི་ཀླུང་དང་གཙང་པོ།ནགས་ཚལ་བཅས་ཡུལ་དངོས་སུ་ཉམས་སུ་མྱོང་བར་བྱས་ནས་གུ་དོག་པའི་སློབ་ཁང་གི་བར་མཐོངས་དེ་རང་བྱུང་བང་མཛོད་ཁྲོད་དུ་སྣུར་སྲིང་བྱས་པ་རེད། དེ་དང་ཆབས་ཅིག་ཞིབ་འཇུག་དང་སློབ་སྦྱོང་གི་དམིགས་ཡུལ་མི་འདྲ་བར་གཞིགས་ནས་ལམ་ཐིག་གི་ས་ཚུགས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཕྱི་རོལ་གྱི་འཚོ་གནས་སྦྱོང་བརྡར་དང་རྩི་ཤིང་གི་དངོས་དཔེ་བཟོ་བ། ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པ། སྲོལ་རྒྱུན་གྱི་བཟོ་རྩལ་བཟོ་བ་སོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད་ནས་སློབ་སྦྱོང་དང་ཤེས་རྟོགས་ཡོད་ཚད་སློབ་མའི་བརྩེ་སེམས་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་བསྒྱུར་རྒྱུར་ཤུགས་བསྣན་ནས་སློབ་མའི་ཤེས་རྟོགས་དང་ཉམས་ལེན་གཅིག་གྱུར་ཡོང་བ་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།།

 རྟ་མགྲིན་རྡོ་རྗེས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:བདེ་འཇགས་དང་འཆམ་མཐུན་གྱི་འབྲོག་ཁུལ་གསར་པ།
  • ལེ་ཚན་རྗེས་མ།:རང་ཁུལ་དགེ་རྒན་རྐང་འཛིན་པའི་གསོ་སྐྱོང་འཆར་གཞི་འདི་འདྲ་རེད་འདུག།
  • དོ་སྣང་ཆེ་བའི་རྩོམ།