སྙིང་གི་འཕར་སྒྲ།

ཆོས་རྒྱས་དཔལ་མོ།        2022-08-05

མི་ཚེ་ཟེར་བ་འདིའང་དོན་དམ་པར་རྨི་ལམ་ལས་གང་ཡང་མེད། རྒྱུ་མཚན། དེ་ལ་ཐོབ་པ་མེད་ཅིང་འཛིན་བྱ་དབེན། དངོས་གཏད་མེད་ཅིང་འཁྲུལ་བ་ཡིན་པས་སོ༎

ང་ནི་འགྲོ་བ་མི་ཞེས་པའི་མིང་ཚིག་འདིར་འཐིམ་ཡོད་ལ། འགྲོ་བ་མི་ཞེས་པའི་མིང་ཚིག་འདི་གསུམ་ཡང་ངའི་ཁྲག་རྒྱུན་དང་དམ་དུ་སྦྲེལ་ཡོད། དེའི་ཕྱིར། ང་ལའང་སྐྱེ་བ་ཡོད་ཅིང་འཇིག་པ་ཡོད་ལ། སྤྲོ་བ་ཡོད་ལ་སྐྱོ་བའང་ཡོད། སྐབས་ལན་རེར། ང་ནི་ཤིན་ཏུ་དོན་གོ་བའི་བུ་མོ་ཡ་རབས་ཤིག་དང་འདྲ་ནའང་། ཡང་མཚམས་རེར། ང་ནི་དོན་གྱི་སྔ་གཞུག་གང་ལའང་འདང་རྒྱག་མི་ཤེས་པའི་བུ་མོ་མ་རབས་ཤིག་ཏུ་མངོན། དེའི་ཕྱིར་ན་ངས་ནོར་འཁྲུལ་ཡང་ཆེན་པོ་ཤོར་བ་མ་ཡིན་ནམ།

སྡིག་པའི་ཡོན་ཏན་ནི་བཤགས་རྒྱུ་ཡོད་པ་དེ་ཡིན་པ་ནང་བཞིན་དུ། ནོར་འཁྲུལ་གྱི་ཡོན་ཏན་ཡང་བཅོས་རྒྱུ་ཡོད་པ་དེའམ་སླར་མི་བཟོ་བ་དེ་ཡིན་ངེས་མོད། འོན་ཀྱང་། འགྱོད་གདུང་ནི་ཆེས་དྲག་དཀའ་བའི་རྨ་ཁ་ཆེན་པོ་ཞིག་ཡིན་པས། དེས་ང་ལ་མནར་གཅོད་གཏོང་

ཞིང་ང་རང་སྡུག་ཏུ་སྦྱར། ཁོང་ཁྲོ་ཡི་མེ་ལྕེས་ངའི་ལུས་ཧྲིལ་པོ་ཚིག་ནས་ཐལ་བར་བཏང་མ་ཐུབ་རུང་། ང་རང་རྣམ་ཤེས་མི་གསལ་བའི་སྨྱོན་མ་ཞིག་ཏུ་བཏང་། འགྱོད་སེམས་ཀྱི་དུག་ནག་དེས་ང་རང་བསད་ཡག་མ་དོ་རུང་། ང་རང་ལུས་སེམས་ཐུག་ལ་མ་ཐུག་པའི་ཤི་མ་གསོན་ཞིག་ཏུ་བཏང་། འདས་དོན་ལ་སྡང་སེམས་འཆང་ཞིང་མ་འོངས་ལ་ཁ་ཕྱོགས་དབེན་པས། ངས་ད་ལྟའི་ཡོད་ཚད་ཀྱང་འདི་ལྟར་འདང་རྒྱག་གི་ཁྲོད་ནས་རུལ་བར་གྱུར། འཚོ་བ་ལ་ཡིད་ཐང་ཆད་པའི་ངུ་ངག་གང་མང་ཞིག་རང་ཉིད་ཀྱིས་མ་གཏོགས་སུ་ཡིས་ཀྱང་ཚོར་མི་སྲིད་ལ། མི་ཚེའི་མདུན་ལམ་ལ་ཨ་ཐང་ཆད་པའི་མིག་ཆུ་ཡི་ཕྲེང་རྡོག་དེ་དག་ཀྱང་རང་ཉིད་ཁོ་ནས་མཐོང་བའོ༎

ཕྱི་དྲོ་དེར། ཧ་ཅང་ཁུ་སིམ་པའི་ཕྱི་དྲོ་ཞིག་གི་ཉི་འོད་ཀྱི་ལག་བརྡ་དེའི་འོག་ནས། ངས་གློ་བུར་དུ་འདས་ཟིན་པའི་དགའ་སྐྱོ་ཆགས་སྡང་ཡོད་ཚད་སེམས་པའི་ཤོག་ལེབ་ཏུ་འཆར། སྙིང་གི་འཕར་སྒྲ་དྲག་ཏུ་ཕྱིན། མིག་ཟུང་མཆི་མས་བཀང་བ་འདིའང་གླེན་རྟགས་ཤིག་ཡིན་ནམ་ངའི་ནང་སེམས་ཀྱི་ན་ཟུག་དེའི་མཚོན་བྱེད་ཅིག་ཡིན། གང་ལྟར་ཡང་། ངའི་སེམས་ཀྱི་འཇིག་རྟེན་ཆུང་ཆུང་དེའི་མཐའ་སྐོར་ན། སྐྱོ་བ་དང་འགྱོད་པས་གསེས་པའི་འཁྱག་རོམ་ཆགས་སོང་། གལ་ཏེ་ང་ལ་ད་དུང་ཡང་གདམ་གསེས་ཤིག་ཡོད་ན། ང་རང་མདུན་ལམ་དེར་ཤི་འཆི་རོ་འཐམ་བྱེད་ངེས་ཡིན། རེད་དེ། མཛེས་པའི་གོ་སྐབས་ནི་མ་གཞི་ནས་ཤིན་ཏུ་དཀོན་པས་གླེན་མ་ང་འདྲ་བ་ཞིག་ལ་ཐོབ་ག་ལ་སྲིད།

ཧ་ཅང་ཁེར་རྐྱང་གི་ཚོར་བ་ཞིག་གིས། རང་ཉིད་ནི་འཇིག་རྟེན་གྱི་རྨི་ལམ་འདི་ནས་ཤིན་ཏུ་ཁེར་རྐྱང་ཞིག་ཏུ་སྣང་། ངའི་ཚོར་སྣང་ཞིག་ལ། གློ་བུར་དུ་ཁྱོད་ཚོ་ཚང་མ་ང་དང་བར་ཐག་ཤིན་ཏུ་ནས་ཀྱང་རིང་བ་ལྟར་གྱུར།



  • ལེ་ཚན་སྔོན་མ།:ང་རང་ཆེས་དགའ་སའི་མི་ཞིག་ལ་གདམས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།