བྱི་ལ་ནག་རིས་དང་བྱི་བ་སྤུན་གཉིས།

གཅན་གླག་མིག།        2022-07-11

དབྱར་གཞུང་གི་གཟའ་ཉི་མའི་ཞོགས་པ་ཞིག་ལ། ནམ་མཁའ་དྭངས་ཤིང་གསལ་ལ་ཉི་འོད་དྲོ་ཞིང་འཇམ། བསོད་ལོ་ཚང་གི་གཞིས་ཁུལ་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་བྱ་བྱེའུའི་གྲེ་འགྱུར་མེད་པར་ལྷིང་འཇགས་སེ་དང་། འབའ་འབུའི་གླུ་སྐད་མེད་པར་དལ་ཅག་གེར་གནས་པས། ཞིང་གྲོང་གི་འཚོ་བར་གོམས་པའི་མི་གང་དེས་ཚོད་ཚོད་ལ་གཉེར་མ་མི་བསྡུ་བའི་ཐབས་ཤིག་ལྟ་ཅི། གང་དུ་བསྡད་ན་དེ་རུ་ལོབས་པའི་བྱི་བ་སྤུན་གཉིས་ཀྱིས་ཀྱང་དངངས་འདར་མི་རྒྱག་པའི་རང་དབང་ཡོད་རེ་སྐན།

ནམ་རྒྱུན་ལྟར་ན་ཞོགས་པའི་ཉི་རྩེ་ས་ལ་མ་བརྒྱབ་གོང་ལ་བསོད་ལོ་བཟའ་མི་གསུམ་པོ་སུ་སྔ་སུ་མགྱོགས་རྩོད་པའི་ཟོལ་གྱིས་མལ་ལས་ལངས་ཏེ། མཆོད་ཁང་དུ་མཆོད་པ་འབུལ་བ་དང་། དཔེ་ཁང་དུ་བློར་སྐྱོར་བ། ཐབ་ཚང་དུ་ཟ་མ་བསྐོལ་བ་སོགས་རང་རང་སོ་སོའི་ལས་ལ་བརྩོན་མོད། ཡིན་ནའང་བསོད་ལོ་ཁེ་ཉིན་ཕྱི་དྲོར་གཞི་རིམ་གྱི་སྤོ་བོ་སྡོད་ས་ག་ལ་བ་དེར་འཁོར་ཞག་ཏུ་སོང་ནས་ད་དུང་ལོག་མེད་སྟབས། རྣམ་ཀུན་སྙན་ཞིང་འཇེབས་པའི་ཆོས་སྒྲས་ཁེངས་ཤིང་སྤོས་ངད་ལྡང་བའི་མཆོད་ཁང་དང་། ཟས་རིགས་སྣ་ཚོགས་ཀྱི་སྡེར་ཁ་བསྒྲིགས་པའི་མགྲོན་ཁང་། བསླབ་པ་སློབ་གཉེར་གྱི་གདངས་དབྱངས་གསལ་བའི་དཔེ་ཁང་། ཆུ་ལྷོག་ལྷོག་ཁོལ་བའི་སྒྲ་དང་ཚོད་མ་ཚིར་ཚིར་རྔོ་བའི་སྒྲ་སོགས་ཀྱིས་ཁྱབ་པའི་ཐབ་ཚང་སོགས་སུ་སྔར་ལས་ཀྱང་ཁུ་སིམ་མེར་ལུས། ཐ་ན་གང་ལ་བལྟས་ཀྱང་ཕུར་ཚུགས་སུ་ལྟ་བ་དང་། གང་དུ་ཕྱིན་ཡང་འཇབས་ནས་འགྲོ་བའི་བྱི་བ་སྤུན་གཉིས་ཀྱང་མཐོང་རྒྱུ་མེད་པས། བྱི་ལ་ནག་རིས་སྔར་ནས་གཉིད་ཀྱི་ཞིང་ཁམས་འགྲིམས་ཏེ་སྔུར་པ་འཐེན་ཞོར་དང་མ་ཎི་འདོན་ཞོར་བྱས།

སྐབས་ཤིག། བྱི་བ་ལྟོ་འབུར་གློ་རྡེག་ལ་བྱི་ཁུང་ལས་སྒོར་བུད་ཅིང་། དེ་མ་ཐག་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་རྒྱུག་ཐེངས་གཅིག་གིས་ཐབ་ཚང་གི་ཕུ་ན་ཡོད་པའི་འབྲས་ཁུག་གི་གམ་དུ་འབྱོར་ཅིང་། དེ་ནས་མཆོངས་ཐེངས་གཅིག་གིས་འབྲས་ཁུག་ནང་དུ་མཆོང་རྩིས་བྱེད་པ་ལ། བྱི་བ་སུག་རིང་གིས་སེ་གོལ་གྱི་ཡུན་ལ་ཁོའི་རྣ་ལྕོག་ནས་བཟུང་ཞིང་།སྐད་ཆ་ཤབ་བི་ཤུབ་བི་འགའ་དང་བཅས་ཏེ་བྱི་ཁུང་དུ་དྲུད།

བྱི་བ་སུག་རིང་བྱི་ཁུང་གི་དབུས་སུ་ཡོད་པའི་རས་གདན་སྟེང་ཙོག་གེ་བར་བསྡད་ཅིང་། བྱི་བ་ལྟོ་འབུར་ལ་གཏད་དེ། “ཀ་ཡེ་སྤུན་ཉེ་ལྟོ་འབུར་ལགས། །ཁ་ལ་གང་ཡོང་བཟས་དྲགས་ན། །ག་དུས་ངན་འབྲས་སྨིན་དུས་སུ། །ང་རང་བཟོད་པ་ཤིན་ཏུ་དཀའ། །”ཞེས་བཤད་པར། བྱི་ཁུང་གི་ཟུར་དུ་ཁ་གྱང་ལ་གཏད་ཅིང་ལྟོ་བ་ས་ལ་གླན་ནས་ཡོད་པའི་བྱི་བ་ལྟོ་འབུར་གྱིས་འབྲས་ཟ་མ་ཐུབ་པའི་ཞེ་སྡང་དང་བཅས་འགྲེ་ལྡོག་རྒྱག་བཞིན། “ཅ་ཅོ་མང་བའི་སུག་རིང་ཁྱོས། །ཆ་མེད་བསོད་ལོའི་གྱོང་གི་སླད། །ཇ་ཆང་མཚར་གླུ་ལེན་པའི་གྲོགས། །ཉ་ཀྱུར་འཕེན་ཚུལ་སྐྱུག་རེ་བྲོ། །”ཞེས་བཤད་པ་དང་སྦྲགས། སླར་ཡང་ཁ་གྱང་ལ་གཏད་ཅིང་ལྟོ་བ་ས་ལ་གླན་ནས་བསྡད།

བྱི་བ་སུག་རིང་གི་བསམ་པར། ལྟོ་འབུར་དང་ངེད་གཉིས་ཀྱིས་སྔོན་ནས་ད་བར་དུ་རེས་རྒྱགས་རེས་ལྟོགས། རེས་རྒྱལ་རེས་ཕམ། རེས་མཐུན་རེས་འཛིང་གི་འཚོ་བ་རོལ་ཏེ་རེས་སྐྱིད་རེས་སྡུག་གི་རི་མོ་གསལ་ཐག་ཆོད་པ་ཞིག་བྲིས་མོད་ཀྱི། ད་ལ་ཐུག་གི་བར་དུ་ཁོས་ང་རང་ཕུ་བོར་བཀུར་ཅིང་། ངས་ཀྱང་ཁོ་རང་ནུ་བོར་བསྒོམས་ནས་ཡོད་པས། ངེད་གཉིས་ཀྱི་བར་དུ་ཐག་མི་ཆོད་པའི་དོན་དང་བརྒལ་མི་ཐུབ་པའི་ཆུ་བོ་ཅི་དང་གང་ཡང་མེད་སྙམ་གྱིན། “ཏ་ར་ཙེ་ཡིས་ཆེན་པོ་འདེགས་མིན་དང་། །ཐ་མའི་བྱི་བས་དོན་ཆེན་འགྲུབ་མིན་གཉིས། །ད་ལྟ་བསམས་ན་ཡོངས་སུ་ཆ་འདྲ་བས། །ན་ཆུང་དུས་ནས་ཆོས་དང་མཐུན་ལུགས་མཛོད། །”ཅེས་བཤད་མ་ཐག་ཏུ། བྱི་བ་ལྟོ་འབུར་གྱིས“ལག་ཟུང”གིས་ལྟོ་བ་ཡར་བཀྱགས་ཤིང་། “རྐང་པ”གཉིས་ལ་བརྟེན་ནས་ཀེ་རེ་ལངས་ཏེ། “ཙ་ར་གཅོད་པའི་འགན་དབང་ཁྱོད་མེད་ན། །ཚ་འདེད་ང་ལ་མ་བྱེད་རང་སར་སྡོད། །ཛ་ལང་སྤྱོད་རྩིང་ང་དང་གཏན་གྱེས་ཏེ། །ཝ་ལྡེམ་ཐོགས་པའི་སྡེ་དང་མཉམ་དུ་སྡོད། །”ཅེས་ལབ།

བྱི་བ་སུག་རིང་གི་གདོང་ལ་བྱམས་པ་དང་འུ་ཐུག་གི་ཉམས་ཤིག་བསྣོལ་མར་བསྡེབས་ཏེ།“ཞ་ཀྱོག་ཡིན་ཀྱང་རང་ཁ་རང་གིས་གསོ་བ་དང་། །ཟ་སྐལ་མིན་པ་གཞན་ནས་གཞན་དུ་སྐྲོད་པར་བྱེད། །འ་ཅག་ཁྱིམ་རྒྱུད་རིང་ནས་རིང་དུ་དར་བའི་སླད། །ཡ་མཐར་བྲལ་ཏེ་མར་ནས་མར་ལ་འགྲོ་མི་རིགས། །”ཞེས་སྨྲས་པ་ན། བྱི་བ་ལྟོ་འབུར་གྱིས་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ། རྣ་བ་ཀེ་རེ་བསླངས། བ་སྤུ་གྱེན་དུ་གཟེངས། མིག་ཟུང་ཆེ་རུ་བགྲད། “ལག་ཟུང”མདུན་དུ་བསྲིངས། “རྐང་པ”ས་ལ་བཙུགས་ཏེ་བྱི་བ་སུག་རིང་གིས་ཉིད་ཀྱི་ཇ་ཕོར་ནང་དུ་ཇ་ལྡུག་པའི་གླགས་དང་བསྟུན་ནས་བྱི་ཁུང་གི་སྒོར་བྲོས།

བྱི་བ་སུག་རིང་ཐང་ལ་འགྱེལ་ལ་ཁད་དང་གྱང་ལ་གཙུབ་ལ་ཁད་ཀྱིས་བྱི་བ་ལྟོ་འབུར་གྱི་རྗེས་བསྙེགས་ནས་སྒོར་ཐོན་པའི་ཚེ་ན། བྱི་ལ་ནག་རིས་ཀྱིས་བྱི་བ་ལྟོ་འབུར་ས་ལ་མནན་ཡོད་པ་མཐོང་འཕྲལ། དེ་མ་ཐག་ཏུ། “ར་སྐོར་གཅིག་ཏུ་གནས་པའི་ང་རང་ཚོ། །ལ་ནས་མི་ཐུག་ལུང་ནས་འཕྲད་ངེས་པས། །ཤ་ཁྲག་ཅི་འཛོམས་མཉམ་རོལ་བྱེད་པ་ལས། །ས་ཆུའི་སླད་དུ་ནང་དམེ་མི་བྱེད་མཁྱེན། །”ཞེས་བརྗོད། ཡིན་ནའང་བྱི་བ་ནག་རིས་ཀྱི་ཤུགས་ཆེས་པས་སམ། ཡང་ན། བྱི་བ་ལྟོ་འབུར་གྱི་གསུས་པ་ཆེས་པ་ཅི་ཆ། བྱི་ལ་ནག་རིས་ཀྱི་སྡེར་མོ་བྱི་བ་ལྟོ་འབུར་གྱི་གསུས་པ་དང་བྲལ་རྗེས། བྱི་བ་ལྟོ་འབུར་ད་དུང་སྔར་གནས་སུ་འགུལ་ཙམ་ཡང་མ་བྱས་པར་བསྡད་པས། བྱི་ལ་སུག་རིང་འདར་སིག་སིག་གིས་བྱི་བ་ནག་རིས་ལ་བལྟས་ནས་འདུག་པ་ལས་ཅི་ཡང་བྱེད་མ་ཕོད།

བྱི་ལ་ནག་རིས་ཀྱིས་བྱི་བ་སུག་རིང་གི་བཟོ་ལྟ་དེ་མཐོང་རྗེས་ཁོང་དགོད་ཅིག་བྱས་ཤིང་། དེར་མཐུད་ནས། “ཧ་ནེ་ཧོན་ནེས་ཉེས་སྐྱོན་མང་བསགས་ཀྱང་། །ཨ་ལ་པ་ལ་མི་སྐྱོན་བསམ་པའི་ཚེ། །ཧ་གཉིད་སད་དུས་ཡེ་ནས་ཡོད་མིན་པས། །ཨ་མའི་བུ་ཡང་ཐར་ས་ཡེ་ནས་མེད། །”ཅེས་ངག་ནས་ཐལ་པ་དང་སྦྲགས། བྱི་བ་ལྟོ་འབུར་གྱིས་གློ་ལུ་བ་དང་བཅས་ཡར་ལངས་ཤིང་། བྱི་ལ་ནག་རིས་ཀྱིས་ཚུལ་དེ་མཐོང་རྗེས་སླར་ཡང་། “འབུར་འབུར་ཁྱོད་ཀྱི་ལྟོ་བ་འབུར། ། རིང་རིང་ཁྱོད་ཀྱི་སུག་ཏི་རིང་། །རྣོ་རྣོ་ང་ཡི་སྡེར་མོ་རྣོ། །རྨད་རྨད་ངེད་ཀྱི་ལེགས་བྱས་རྨད། །”ཅེས་བརྗོད་དེ་སྔར་གནས་སུ་ལོག་པར་བརྩམས་པ་ལ། བྱི་བ་ལྟོ་འབུར་གྱིས་འདི་རྨི་ལམ་དང་མངོན་སུམ་གང་ཡིན་ཆ་མ་འཚལ་བར། “ཀི་རིང་བཏབ་ན་ལྷིང་འཇགས་དཀྲོགས། །ཁུ་ཚུར་འཕྱར་ན་མཐུན་སྒྲིལ་བརླག །གེ་སར་བོས་ན་གཡུལ་འགྱེད་རྒོད། །ངོ་གཡོག་མཐུན་ན་ཅིས་མི་བཟང་། །”ཞེས་བཤད། དེ་ནས་བྱི་བ་སུག་རིང་གིས་སྐད་ཆ་འདིས་བྱི་ལ་ནག་རིས་ལ་ཕོག་ཐུག་གཏང་ཨེ་འགྲོ་སྙམ་སྟེ། “རྨོངས་པའི་མུན་ཆེན་འཐིབས་པས། །ལམ་དང་ལམ་མིན་འབྱེད་པའི། །བློ་ཡི་ནུས་པ་བྲལ་བའི། །བྱི་བར་བཟོད་གསོལ་ཞུ་རོགས། །”ཞེས་བཤད་ཞོར་མགོ་བོ་བྲང་ལ་སྦྱར་པས། བྱི་ལ་ནག་རིས་སྔར་གནས་སུ་ལོག་པའི་ལམ་ནས་མགོ་བོ་ཕྱིར་འཁོར་ཏེ་འཛུམ་དང་བཅས། “ཆུ་ནི་མཐོང་དང་ཐོས་པ་ཡིས། །སྐོམ་པའི་གདུང་བ་སེལ་མི་ནུས། །ཚིག་གི་གཞལ་ཡས་བསྐྲུན་པ་ལས། །དོན་གྱི་ཁང་པ་ལས་ན་ལེགས། །”ཞེས་བཤད་ཞོར་དུ་བྱི་བ་ལྟོ་འབུར་གྱི་ལྟོ་བ་ལ་བལྟས་ནས་བསྡད།

བྱི་བ་ལྟོ་འབུར་གྱིས་བྱི་ལ་ནག་རིས་ལ་དྲང་ཚུགས་སུ་ལྟ་མ་ཕོད་པར་ཟུར་མིག་གིས་ལྟ་བཞིན་ལུས་བསྐུམས་ཤིང་གོམ་པ་འགའ་ཕྱིར་ནུར། བྱི་ལ་ནག་རིས་ཀྱིས་འཕྲལ་དུ་རྫིག་ཉམས་དང་བཅས། “བྱི་བ་སྙིང་རྗེ་ང་ལ་སྐྲག་གམ་ཅི། །ཅི་རོབ་སྐྲག་པ་རང་གི་སེམས་ལ་དྲིས། །དྲིས་ཀྱང་རྨོངས་ན་ང་ཡི་ཕྱོགས་སུ་གསོན། །གསོན་དང་འོ་སྐོལ་འཆམ་ཞིང་མཐུན་སླད་དུ། །ང་ཡི་བཟས་འཕྲོ་བཏུང་འཕྲོ་ཁྱོད་ལ་སྤྲོད། །སྤྲད་རྗེས་ཁྱིམ་གཙོས་མ་བྱིན་མ་ལེན་རོགས། །རོགས་ངའི་གཏམ་དང་ལྡོག་ཏུ་ཕྱིན་གྱུར་ཚེ། །ཚེ་གཡོག་བྱས་ཀྱང་སྙིང་རྗེ་ཡེ་མི་བྱེད། །བྱེད་ན་དཀོན་མཆོག་གསུམ་པོ་མནའ་ཆིངས་ཡིན། །”ཞེས་སྨྲས་པ་ན། བྱི་བ་སྤུན་གཉིས་ཀྱིས་གཅིག་མིག་གཅིག་ལ་ལྟ་བཞིན་ཅི་ཡང་སྨྲ་མ་ཕོད་པར་ལུས། རེ་ཞིག་འགོར་རྗེས།བྱི་བ་ལྟོ་འབུར་གྱིས་བྱི་བས་ཐོས་ཤིང་བྱི་ལས་མི་ཐོས་པའི་སྐད་ཆ་ལྡབ་བི་ལྡིབ་བི་འགའ་བཤད་བྱུང་བས། བྱི་བ་སུག་རིང་གིས་བཟོ་ཉེས་དྲགས་ཐལ་དུ་སོང་ཚེ་སྤུན་མཆེད་ཟུང་གི་སྲོག་རྟ་རྔ་འདྲ་བོ་འཆོར་ཉེན་ཆེ་བསམ་གྱིན་འདི་སྐད་ཟེར། “བདེན་བདེན་ཁྱོད་ཀྱིས་གསུངས་པ་འཁྲུལ་མེད་རེད། །ལེགས་ལེགས་ཁྱོད་ཀྱི་ཐབས་བཀོད་སྐྱོན་མེད་རེད། །མཚར་མཚར་ཁྱོད་ཀྱི་ཐུགས་དགོངས་བླ་ན་མཐོ། །མཛེས་མཛེས་ང་ཚོའི་བརྩེ་བའི་རྒྱུན་བརྟན་ཤོག །”ཅེས་བཤད་ཞོར་བྱི་བ་ལྟོ་འབུར་ལ་མིག་བརྡ་ཞིག་བསྟན་པ་ན། ཁོ་གཉི་ག་འཕྲི་རིམ་འཕྲོར་བྱི་ཁུང་དུ་འཛུལ།

དེ་ནས་བཟུང་བྱི་ལ་ནག་རིས་ཀྱིས་ནམ་རྒྱུན་ཉིན་གྱི་བྱ་ར་དང་། མཚན་གྱི་མེལ་ཚེ། རྒྱུན་གྱི་སོ་ལྟ་བཅས་བྱས་ཏེ་ཁྱིམ་གྱི་དངོས་ཟོག་ལ་བདག་སྐྱོང་གང་ལེགས་བྱས་དང་བྱེད་མུས་སུ་མཆིས་ཤིང་། བྱི་བ་སུག་རིང་དང་བྱི་བ་ལྟོ་འབུར་གཉིས་ཀྱིས་ཀྱང་མི་དགེ་བའི་ལས་ཡོངས་སུ་སྤོང་ཅི་ཐུབ་བགྱིས་ཏེ་བྱི་ལ་ནག་རིས་ཀྱི་ཅི་གསུང་བཀའ་བཞིན་བསྒྲུབས་ཤིང་ཅི་འདོད་ལག་ཏུ་བསྟར་ཏེ་བྱི་ལ་ནག་རིས་ཀྱི་བཟས་འཕྲོ་བཟས་ཤིང་བཏུང་འཕྲོ་བཏུང་ནས་བཀྲེས་ལྟོགས་སེལ་ཐབས་བྱས་ཤིང་། བྱི་ལ་ནག་རིས་ཀྱིས་ཀྱང་བྱི་བ་སྤུན་གཉིས་ཀྱི་སྐུ་དྲིན་ལ་བརྟེན་ནས་ཟས་ཀྱི་ཕུད་དང་སྐོམ་གྱི་ཏོག་ལོངས་སུ་སྤྱོད་ཀྱིན། མི་ཡི་བཟས་འཕྲོ་བཏུང་འཕྲོ་སྤྱོད་པའི་འཚོ་བའི་མཇུག་ཡོངས་སུ་རྫོགས་སོ། །



  • ལེ་ཚན་སྔོན་མ།:ངའི་ལྟེ་ཁྲག་འཕོས་སའི་ཕ་ཡུལ་གླེ་གཞུག་གང་ན་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།