འཕུར་འདོད་ཀྱི་ཀུན་སློང་།

        2022-07-08

རང་ཉིད་ནམ་མཁའི་མཐའ་རུ་འཕུར་འདོད་ཀྱང་།།

གཤོག་པ་མེད་པ་གཞི་ནས་རྟོགས་པས་ན།།

ད་ནི་འཕུར་ཐབས་གཞན་ནས་འཚོལ་དགོས་པས།།

བྱིའུ་ཆུང་ཁྲ་ལོ་འཕུར་ཤེས་གན་ལ་ནི།།

ང་ཡིས་གལ་ཏེ་རེ་ཞུ་བྱ་རྒྱུ་ན།།

བྱི་འུ་མི་འཐད་ཁོ་ཐག་ཡིན་པ་འདྲ།།

དེ་ན་ང་ཡིས་རྒྱང་གི་བྱི་འུ་ལ།།

གཤོག་པ་མི་གཡོར་འདབ་ཆགས་གཞན་ཞིག་ལ།།

གཤོག་པ་གཡོར་བའི་ངོ་ཆེན་ཞུ་ན་འདོད།།

རང་ཉིད་ནམ་མཁའི་མཐའ་རུ་འཕུར་འདོད་ཀྱང་།།

འཕུར་བྱེད་གཤོག་པ་མེད་པ་ཚོར་བས་ན།།

ད་ནི་འཕུར་ཐབས་ཅི་བྱ་ཡང་ན་ནི།།

ཐང་དཀར་རྒོད་ལ་གཤོག་པ་གཡར་རོགས་ཞུ།།

རྒྱས་མེད་ཐང་རྒོད་དེ་ཡིས་ཁོ་བོ་ལ།།

གཤོག་པ་གཡར་མིན་ངོ་ཆེན་སུ་ཡིས་ཞུ།།

གལ་ཏེ་རྒོད་ཀྱིས་གཤོག་པ་གཡར་རྒྱུ་ན།།

ང་རང་མཐོན་མཐིང་མཁའ་རུ་ལན་གསུམ་དུ།།

ལྡིང་སྐོར་བརྒྱབ་སྟེ་གཤོག་པ་ཕྱིར་ལ་སྤྲད།།

༼ སྡིག་སྲིན། ༽


  • ལེ་ཚན་སྔོན་མ།:རྗེ་ཙོང་ཁ་པའི་སྙན་ངག་མཇལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།