དམངས་ཁྲོད་ཀྱི་སྨན་བཅོས་བྱ་ཚུལ།

        2022-07-08

མིག་ན་ན་རྐང་པ་བཀྲུས་ལ་ཚིལ་ཆེན་གྱིས་བྱུགས། སྐེ་ལ་ལུང་ཐང(ཐག) ནག་པོ་གཅིག་འདོགས། ཚ་ཚ(ཚྭ་རྡོག་གཅིག་ཟེར་བའང་འདུག) གཅིག་ལག་ཏུ་ཐོགས་ལ་ཚེས་བཅོ་ལྔའི་ཟླ་བ་ཉ་ལ་ཡུན་རིང་བལྟས་པས་ཕན་ནོ།།

རྣ་བ་ན་བའམ་རྣ་བ་ནས་རྣག་འོང་ན།

ལ་ཕུག་གི་ཁུ་བ་རུ་རྟ་བཅས་རྣ་བར་བླུགས་ནས་ལག་པས་རྡེའུ་ནག་པོ་གཅིག་ལ་ནེམ་ནེམ་བྱ།

སོ་ན་ན་འོ་མས་ཁ་བཤལ། ཤ་བའི་མཆེ་བ་སོ་བར་བཙིར་ན་ཕན། སྐྱིག་བུ་མ་ཆོད་ན་ཡུངས་དཀར་འབྲུ་གསུམ་མཐེབ་སྲིན་བར་དུ་བརྩིར་བས་ཕན། བྲང་རྒྱབ་གཟེར་ན་རྒྱབ་ཏུ་སླ་ང་བཀབ། དེ་རྗེས་བུ་མོ་གཙང་མས་ལག་པ་བཀྲུས་པས་མཉེའོ།།

ཟས་མ་ཞུ་ན་བྱེའུ་ནས་ཟན་གྱི་ཤའི་ཐང་བཏང་ལ་ལག་མཐིལ་གྱིས་ལྟོ་བ་མཉེས་པས་ཕན། འཁྲུ་བ་མ་ཆོད་ན་སྐེ་ལ་ལྡེའུ་མིག་བཏགས། བོང་བུའི་ཤ་ཁུ་བཏང་བས་སོས་སོ།། གཟེར་མིག་དང་གཟེར་ནད་བྱུང་ན་གླུད་བྱས་ལ། དེའི་གང་ན་ས་དང་མཐུན་པར་ཁབ་མིག་ནས་དར་སྐུད་སོགས་སྐུད་པ་སྔོ་དམར་དྲངས་ཏེ་རྒྱབ་མདུན་ཕན་ཚུན་ལོ་གྲངས་ཙམ་དྲངས་པས་ཕན། སྙིང་མི་བདེ་ཞིང་ནད་ཞུགས་ཏེ་ན་བར་ཀ་པཱ་ལ་བཟང་པོ་བྲང་ལ་བཀབ་པའི་རྒྱབ་ནས་མཚན་ལྡན་གྱི་བླ་མས་རྡོག་པ་བརྡེག་ན་སོས་སོ།།

མགོ་ན་ན་མེ་ལོང་ནང་དུ་མགོའི་གཟུགས་བརྙན་ཤར་བ་ལ་ན་སར་བཙོད་ཀྱི་མེ་བཙའ་བྱ། ཐལ་བ་རྨ་བྱའི་སྒྲོས་འཕྱག་གོ།། ལག་པ་ན་ན་སྐྱོ་མ་བྱུགས་ནས་ཁྱི་ལ་ལྡག་ཏུ་བཅུག། ཆུ་བྱའི་རྐང་ངམ་འཕྱི་བའི་རྐང་གིས་བཅག་བཅག་བྱའོ།། མཇིང་པ་ན་ན་སྔས་ཀྱི་འོག་ཏུ་སོ་མའི་ཐིག་གུ་གཞུག། སྐེ་ལ་བལ་སྐུད་བཏགས་པས་ཕན་ནོ།། རྐང་པ་ན་ན་འོ་མར་ཚྭ་བཏབ་པ་བྱུགས་ནས་ཁྱི་ལ་ལྡག་ཏུ་བཅུག། འཕྱི་བའི་རྐང་གིས་བཅག་བཅག་བྱའོ།། ཡང་རླུང་ལངས་ནས་མགོ་ན་ན་ཐབ་ཀའི་དཀྱིལ་ནས་ས་བླངས་ལ་སྤྱི་གཙུག་ཏུ་བཏབ། དཔྲལ་བ་ན་ན་རང་འཐག་ལྟེ་ཕྱེ་དང་སྒོ་ལྕིབས་ཀྱིས་རང་གི་དྲི་ཆུའམ་ཆུ་ངན་དང་བསྲེས་ལ་ན་སར་བྱུགས། མིག་གཡས་ན་ན་གླུད་རྟ་མགོ་ཅན་ཞིག་བྱས་ནས། སྔ་དྲོ་ཁྱི་དཀར་པོར་སྟེར། མིག་གཡོན་ན་ན་གླུད་སྦྲུལ་མགོ་ཅན་བྱས་ནས་དགོང་མོ་རྟ་ཕྱུགས་ལ་སྟེར། སྣ་ཁྲག་མ་ཆོད་ན་ཀརྴ་པ་ཎྀའི(དངུལ་ཐལ)བསྲེག་ཐལ་སྣར་བླུགས། ནུ་མ་དང་རླིག་འབྲས་སྐུད་པས་བཀྱིག་གོ།། སོ་དང་འགྲམ་པ་གཡས་ན་ན་ཁ་འོ་མས་བཤལ་བའི་ཟན་ལ་རྟའི་གཟུགས་བྱས། གླུད་གཟུགས་དེའི་ན་སར་མེ་བཙའ་བྱས། རྟེན་སྙིང་ཉེར་གཅིག་བཟླས་ཏེ་ཟན་རྟར་ཕུ་བཏབ་པ་སྔ་དྲོ་ཁྱི་དཀར་པོ་ཞིག་ལ་བྱིན་པས་སོས་སོ།། སོ་དང་འགྲམ་པ་གཡོན་ན་ན། གོང་བཞིན་འོ་མས་ཁ་བཤལ་བའི་ཟན་ལ་སྦྲུལ་གཟུགས་བྱས་པ་སྣོད་དམར་པོར་བཅུག་ནས་བྱ་ལ་གཏོར་བཅུག། རྟེན་སྙིང་ཉེར་གཅིག་ན་སར་བཏབ་པས་ཕན་ནོ།། སོ་ནད་ཅིས་ཀྱང་མ་ཕན་ན་ཀ་ཞུ་ལ་མེ་བཙའ་བཏབ།ན་མཁན་ལ་སོ་མི་ན་ཞེས་དྲི་བ་བྱས་ནས། རྟེན་སྙིང་ཉེར་གཅིག་བཟླའོ།། དཔུང་པ་གཡས་ན་ན་ཆུ་སྣ་གཉིས་བསྲེས། ན་སར་ལོ་གྲངས་བརྡེག། ཤུལ་དུ་ཡི་གེ་ཨ་ཡིག་གཅིག་བྲི། ལག་གཡས་ན་ན་མིང་རུས་བྲིས་པ་ལ་སས་བྱུགས། ལག་གཡོན་ན་ན་སྐྱོ་མ་དང་ཚྭ་སྦྱར་བ་བྱུགས་ལ་ཁྱི་སེར་པོར་ལྡག་ཏུ་བཅུག། པུས་མོ་གཡས་ན་ན་སྐྱོ་མ་བྱུགས་ཏེ། ཁྱི་སེར་པོར་ལྡག་ཏུ་བཅུག་ལ་དེ་ཤུལ་མེ་བཙའ་བྱ། པུས་མོ་གཡོན་པ་ན་ན་ཞིང་དཀྱིལ་ཤིང་ཕུང་ཅན་གྱི་སས(བ་ཚྭ་ཅན་ཡང་ཟེར)བྱུགས། བྱིན་པ་གཡས་པ་ན་ན་བྱང་བུ་ལ་ནད་པའི་མིང་བྲིས་པ་སྒོའི་ཡ་ཐེམ་ལ་བཏགས། བྱིན་པ་གཡོན་ན་ན་མིང་དེ་ཐེམ་འོག་ཏུ་མནན་པའམ། ཡང་ན་ཆུ་ལ་བསྐུར། ལོང་བུ་གཡས་ན་ན་མིང་རུས་བྲིས་པ་མེ་ལ་བསྲེགས། ལོང་བུ་གཡོན་ན་ན་མིང་རུས་བྲིས་པ་ཐེམ་འོག་ཏུ་མནན། རྐང་མཐིལ་གཡས་ན་ན་རྐང་རྗེས་ཀྱི་ས་འཁྱེར་ལ་བྱང་ཤར་གྱི་ནམ་མཁར་གཏོར། རྐང་མཐིལ་གཡོན་ན་ན་དེའི་རྐང་རྗེས་ཀྱི་ས་ལྷོ་ནུབ་ཀྱི་ནམ་མཁར་གཏོར། ཡང་བྱིས་པ་ཆུང་ངུ་ན་ན་སྤྱི་གཙུག་ཏུ་འགྲོན་བུ། སྐེ་ལ་སྲན་མ། དཔུང་གཡོན་བལ་དཀར་ཐིག་གུ་སུམ་སྒྲིལ་བཏགས་པས་ཕན། སྐྱེས་པ་དར་མ་ན་ན་ཟོར་བ་དང་ཐག་པ་སྦྲེལ་ནས་ཁོ་རང་གི་ཡིད་དུ་འོང་བའི་དངོས་པོ་གཅིག་ལ་བསྡམས་ཏེ་གང་ན་སར་གླན། བུ་མོ་དར་མ་ན་ན་ཞང་བོའི་གཞུ་མཆོག་ལ་སོ་འདེབས་སུ་བཅུག། འཕང་ལོ་ལ་ཐི་གུ་སྔོ་དམར་གྱིས་དཀྲིས་ལ། ཞང་པོས་གང་ན་ཕྱོགས་སུ་གླན་པར་བྱའོ།།རྒན་རྒོན་ན་ན་རང་འཐག་གི་ཁར་སྒྱེད་པུ་བཞག་ལ་ཁ་ཕྱིན་ཅི་ལོག་ཏུ་བསྐོར་དུ་བཅུག། གློ་ནད་བྱུང་ན་གླང་མའི་འཛེར་མ་བཅུ་གསུམ་བཞོག་གོ།། མཁལ་ནད་བྱུང་ན། ཤིང་བེ་ཏིའི་མེས་སྒྱེད་པུ་ཚ་བོར་ཡོད་པ་ན་སར་གླན། མཆིན་ནད་ཞུགས་ན་འབྲི་མོག་གི་རྩི་ནང་མ་བརྒྱད་དུ་བཞོག་གོ།། མཁལ་རྩ་བཅོས་ཐབས། ཕོར་བ་སྤེན་རྩ་གས་ཆག་མེད་པ་གཅིག་གང་ན་སར་བཀབ་ལ། སྐམ་པའི་ཁས་ཕོར་བའི་ཁ་མཚམས་སུ་གཡས་སྐོར་གསུམ། གཡོན་སྐོར་གསུམ་བྱས་རྗེས། ཕོར་བའི་དཀྱིལ་དུ་ལན་གསུམ་ཏིག་ཏིག་བྱས་ནས། ཕོར་བ་དང་སྐམ་པ་གཉི་ག་རྒྱབ་ཏུ་བསྐྱུར།ཕྱག་ལན་གསུམ་འཚལ། དེ་ལྟར་ཡང་ཡང་བྱས་པས་ཕན་ནོ།། ཡང་རླུང་སྐྱེས་ན་མི་རུས་ལྷ་བ་ཅན་གྱི་དུ་བས་བདུག་པས་ཕན། མཁྲིས་པ་ལ་ཀོ་སྐྲད་ཀྱི་དུ་བས་བདུག། བད་ཀན་ལ་ར་ཡི་ཀླད་པའི་དུ་བས་བདུག། ཁྲག་ལ་སྒོ་ངའི་དུ་བས་བདུག། འཁྲུགས་ལ་བདུད་རྩིའི་དུ་བས་བདུག། མིག་སེར་ལ་བོ་དྷི་རྩིའི་དུ་བས་བདུག། གཟེར་ནད་ལ་ཤ་བའི་རྭའི་དུ་བས་བདུག། མཆིན་ནད་ཤིན་ཏུ་ཆེ་ན། བདུད་རྩི་ཨ་མྲྀ་ཏ་ཐུན་བཅུ་གཉིས་ཁོང་དུ་བཏང་བས་སོ།། འདྲེ་ཤིག་གིས་སོ་བཏབ་པར་མར་ཞུན་བྱུགས་པས་ཕན། དུག་སྦྲུལ་གྱིས་སོ་བཏབ་པར་སྲེ་མོའི་ལྤགས་པ་གླན། སྲིན་བུ་པདྨས་སོ་བཏབ་ཤུལ་ལན་ཚྭས་བྱུགས། ཁྱི་སྨྱོན་གྱིས་རྨུགས་ན་ཕག་རྒོད་ཀྱི་མཆེ་བས་ཁྲག་ཕྱིས། སྦྲང་བུས་སོ་བཏབ་པར་ཙན་དན་གྱི་ཆུས་བཀྲུ།

ས་ཤིག་པས་སོ་བཏབ་པར་མར་ཞུན་གྱིས་བྱུགས། ཟིངས་པས་སོ་བཏབ་པས་མེ་ལོང་གིས་འཕྱི། སྡིགས་སོ་བཏབ་ན་རམ་པའི་ཁུ་བས་བཀྲུ། ཁྱིའི་སོས་བཏབ་ན་འབྲས་ཕུབ་ཀྱི་ཐལ་བ་བྱུགས། ཁམ་བུའི་ལོ་མ་རློན་པ་ལུས་ལ་བྱུགས་ན་ལྗི་བ་ཐུབ། ཡང་པི་ལིང་དང་གཡེར་མ་ཞིབ་བཏགས་མར་སྦྱར་བྱུགས་པས་ལྗི་བ་ཐུབ་བོ།། ནགས་གསེབ་ཏུ་ཤིང་མཛེར་ཟུག་ན།ཤུལ་ཁྲག་རང་ཁས་འཇིབས། རྨ་བྱུང་ན་འདག་པའི་རྟེན་འབྲེལ་གྱིས་གསོ་བ་ནི། རང་འཐག་ཁ་རུའི་ས། ཚྭ་ཚྭའི་ཞབས་ཀྱི་ས། གྱང་ལོགས་ཀྱི་ས། སོག་པའི་མཐིལ་བསྲེག་པའི་ཐལ་བ། ཚར་བའི་བར་ཤུན། བདུད་རྩི་ལྔ་རྣམས་བསྲེས་པའི་འདག་པས་རྨ་ལ་བྱུགས། པི་ལིང་། ཙན་དན་ཞིབ་བཏགས་མར་སྦྱར་བྱུགས་པས་སྐྱེས་པའི་སྒྲོ་བ་སྐྲངས་པ་ཞི། ཡང་འཇུ་མི་ཕམ་གྱི་གསུང་འབུམ་དུ་ཡི་གེའི་རྟེན་འབྲེལ་གྱིས་ནད་ཟུག་བཅགས་པ་ནི། སྨིན་མའི་བར་དུ་ཀ། སྣ་ལ་ག། ཁ་རུ་ཁ། དཔུང་གཡས་ཛྙ། གཡོན་དུ་ཛ། ལྐོག་མའི་འོལ་དུ་གྷ། རྣ་གཡས་ཉ། གཡོན་དུ་ད་དང་ཏའང་ངོ་།། བྲང་དུ་ཚ། ནུ་གཡས་ཊ། གཡོན་དུ་ཎ་དང་ཏའང་ངོ་།། གཡོན་འོག་ཙ། གྲུ་གཡས་མ། གཡོན་པར་ཉ། མཆིན་པར་ཌྷ། བྲང་གི་རྩེ་མོར་བྷ། ལྟེ་འོག་པ་མ་ཕ། གསང་བར་དྷ། བརླ་གཡས་ཌྷ། གཡོན་དུ་ད། པུས་གཡས་པ། གཡོན་དུ་ན། བྱིན་གཡས་པ། གཡོན་དུ་ཐ། རྐང་མཐིལ་གཡས་སུ་ཊ། གཡོན་དུ་ན། འདི་རྣམས་ནི་ཝམ་དང་ཚྭ་ཚྭའི་ས་བསྲེས་པས་གང་ན་སར་ཡི་གེ་དེ་དག་ཡང་ཡང་སྦྱར་ནས་འབྲི་ཞིང་ཕྱིས་ན་ཐད་ཀའི་ཟུག་གཟེར་འཇོམ་མོ་ཞེས་དང་། དེ་མིན་རྩིས་གཞུང་སོགས་སུ་མན་ངག་སྣ་ཚོགས་ཏེ། མཚལ་ལ་སོགས་པས་ལག་མཐིལ་དུ་ཡི་གེ་ནམ་མཁའ་ཞེས་བྲིས་ན་དགྲ་མི་འབྱུང་ལ། “འབྲུག" ཅེས་བྲིས་ན་རྙེད་པ་ཐོབ། སྟག་ཅེས་བྲིས་ན་དམག་ལས་རྒྱལ། "ལྷ” ཞེས་བྲིས་པས་ཆོས་རྙེད། དེ་ཡང་ཡི་གེ་དེ་རྣམས་ནི་ལམ་དུ་ཞུགས་པའི་ཐོག་མར་བྲིས་ལ་ཁྱིམ་ནས་མདའ་རྒྱང་གང་ཙམ་དུ་ཕྱིན་པའི་བར་དུ་ཡི་གེ་མ་ཡལ་བར་བྱས་ན་དོན་གྲུབ་པར་གསུངས་པ་དང་། ཡང་བདུད་རྩི་འོད་ལྡན་གྱི་རྒྱུད་ལས། འོད་ལྡན་མཚལ་དང་བསྲེས་པས་དཔྲལ་པར་ཧྲཱི་ཞེས་བྲིས་ན་གང་འདོད་ནོར་དང་འཕྲད། ཨོག་མར་ཟ་ཞེས་བྲིས་ན་ཟས་དང་འཕྲད། ལག་མཐིལ་ལ“མ་"ཞེས་བྲིས་ན་མཚོན་མི་འཕོག་ཅིང“ལྷ་”ཞེས་བྲིས་ན་ནད་མི་འགོ། སྙིང་གར་“གནམ” ཞེས་བྲིས་ན་འཇིགས་པ་བརྒྱད་སྲུང་ཞེས་པ་ལྟ་བུ་མན་ངག་དང་སོགས་དམངས་ཁྲོད་ཀྱི་རིག་གནས་འདི་དག་ལའང་ངེས་ཆ་ཅུང་ཡོད་དགོས་པའོ།།

༼ གཅན་ཚ་བཀྲ་བྷོས་བརྩམས་པའི་དམངས་སྲོལ་རིག་པའི་སྤྱི་དོན་ལས་དྲངས། ༽


  • ལེ་ཚན་སྔོན་མ།:དགུན་དཔྱིད་དུས་སུ་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་སྔོན་འགོག་བྱ་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།