ཞི་ཅིན་ཕིང་གིས་དྲི་ཞིམ་ཁུག་མ་ཆུང་ཆུང་འདི་ལ་མཐོང་ཆེན་གནང་འདུག།

ཨོ་རྒྱན་གྱིས་བསྒྱུར།        2022-07-07

ཞི་ཅིན་ཕིང་གིས་དྲི་ཞིམ་ཁུག་མ་ཆུང་ཆུང་འདི་ལ་མཐོང་ཆེན་གནང་འདུག།

   སྤྱི་ལོ2017ལོའི་ཟླ12ཚེས12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་ཅ་དབང་སྡེ་བ་མཱ་ཀྲོང་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། གྲོང་ཚོའི་ནང་གི་དྲི་ཞིམ་ཁུག་མ་བཟོ་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་མིས་བཟོས་པའི་དྲི་ཞིམ་ཁུག་མ་སྣ་ཚོགས་ལ་གཟིགས་པར་མ་ཟད། རིན་སྤྲད་ནས་གྲོང་མི་ཝང་ཞིའུ་ཡིང་གིས་བཟོས་པའི་ཀྲུང་ལུགས་སྨན་རྫས་ཀྱི་དྲི་ཞིམ་ཁུག་མ་ཞིག་ཀྱང་ཉོས་པ་རེད། ཉེ་ཆར། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཝང་ཞིའུ་ཡིང་ལ་བཅར་འདྲི་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་སྐུལ་ལྕག་འོག་ཁོས་གྲོང་མི་ཚོ་དང་མཉམ་དུ་དྲི་ཞིམ་ཁུག་མའི་ཐོན་ལས་འཕེལ་རྒྱས་བཏང་བའི་གཏམ་རྒྱུད་བཤད་པ་རེད།

     ཉིན་དེའི་ཕྱི་དྲོར། ང་ནམ་རྒྱུན་དང་འདྲ་བར་བཟོ་ཁང་དུ་ལས་ཀར་བྲེལ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་དུ་ཕེབས་ནས་ཚང་མ་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བྱུང་། སྐབས་དེ་དུས་ཀྱི་གནས་ཚུལ་མིག་ལམ་དུ་འཆར་གྱིན་འདུག།

     སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོས་བཟོས་པའི་ཁྱད་ལྡན་དྲི་ཞིམ་ཁུག་མ་མཐོང་སྐབས“དངོས་གནས་ཡག་པོ་འདུག”“སྤུས་ལེགས་པ”ཞེས་བསྔགས་བརྗོད་ཡང་ཡང་གནང་བྱུང་། ངས་སྤྱི་ཁྱབ་ཧྲུའུ་ཅི་ལ་དྲི་ཞིམ་ལྡན་པའི་ཀྲུང་ལུགས་སྨན་ཁུག་བཙོང་ཧ་ཅང་བྲིན་པོ་འདུག་ལ། ལོ་ལྟར་ཡོང་འབབ་ཁེ་གཙང་སྒོར་ཁྲི20ལྷག་ཙམ་རག་གི་ཡོད་ཅེས་ཞུས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་དྲི་ཞིམ་ཁུག་མ་ལག་ཏུ་བསྣམས་ནས་ངའི་ལག་རྩལ་ལ་བསྔགས་བརྗོད་གནང་བར་མ་ཟད། ཁོང་རང་གིས་རིན་པ་གནང་ནས་དྲི་ཞིམ་ཁུག་མ་གཅིག་ཉོས་བྱུང་།  “ངས་ཀྱང་ངོ་བསྟོད་བྱེད་ཀྱི་ཡིན”ཞེས་གད་མོ་དགོད་བཞིན་དུ་བཤད།

     “ཞུས་ཀྲོའུ་དྲི་ཞིམ་ཁུག་མ”ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་ལ། ངས་མི་ཚེ་གང་པོར་དྲི་ཞིམ་ཁུག་མ་བཟོས་པ་ཡིན། སྔོན་ཆད། ངས་དྲི་ཞིམ་ཁུག་མ་བཟོས་དོན་ནི་ཁྱིམ་གྱི་འཚོ་བར་ཁ་གསབ་བྱེད་པའི་ཆེད་དུ་ཡིན། འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་ན་ཆོག་གི་དྲན་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྔགས་བརྗོད་དང་ལྕག་སྐུལ་གནང་བ་ལས་ངས་ད་དུང་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཡག་པོ་ཞིག་བྱས་ནས་ཡུལ་མི་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན།

     ང་ལ་རང་ཉིད་ཀྱི་དྲི་ཞིམ་ཁུག་མ་བཟོ་སའི་ལས་སྒྲུབ་ཁང་ཞིག་ཡོད། ཉེ་འཁོར་གྱི་གྲོང་མི་དང་། ཁེ་ལས་ཀྱི་ལས་བཟོ། སློབ་གྲྭ་འབྲིང་ཆུང་གི་སློབ་མ། ཐ་ན་ཕྱི་རྒྱལ་གྱི་གྲོགས་པོ་བཅས་ཀྱིས་ཀྱང་དྲི་ཞིམ་ཁུག་མ་བཟོ་བར་སློབ་སྦྱོང་བྱེད་ཀྱིན་ཡོད། ངས་ངང་རྒྱུད་རིང་པོས་ཚང་མར་ལག་རྩལ་འདི་ཁྲིད་རྒྱུ་དང་། ལག་རྩལ་འདི་མི་དེ་བས་མང་བ་ཞིག་ལ་བརྒྱུད་སྤྲོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ད་ལྟ་ངའི་བུ་དང་མནའ་མ། ཚ་མོ་བཅས་ཚང་མས་ལག་རྩལ་འདི་སྦྱོང་བཞིན་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས་ཁྱད་ལྡན་ཐོན་ལས་དང་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་ནི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ང་ཚོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་འདི་དག་ནང་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་ང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་དམངས་སྲོལ་རིག་གནས་ལག་ཤེས་མཉམ་ལས་ཁང་བཙུགས་པ་དང་། ཀྲུང་ལུགས་སྨན་རྫས་དྲི་ཞིམ་ཁུག་མ་བཟོ་བའི་ལག་ཤེས་འཕེལ་རྒྱས་བཏང་བ་ནས་དྲ་བའི་བྲིན་ཚོང་ལས་སྟེགས་བཏོད་ཅིང་ཐོན་སྐྱེད་དང་སྐྱེལ་འདྲེན། ཕྱིར་ཚོང་བཅས་ཀྱི་མགོ་མཇུག་གཙང་སྒྲིལ་གྱི་ཞབས་ཞུར་ཤུགས་བརྒྱབ་ཡོད། ད་ཆ་དྲི་ཞིམ་ཁུག་མ་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཤུགས་ཆེར་ཕྱིན་པར་མ་ཟད། ད་དུང་ཕྱི་རྒྱལ་དུ་བྲིན་ཚོང་བྱེད་ཀྱི་ཡོད། ན་གཞོན་ལ་ལ་ཞིག་གིས་རིག་གནས་གསར་གཏོད་སྤྱི་གཉེར་ཁང་དང་མཉམ་ལས་བྱས་ཏེ། དར་སྲོལ་གྱི་དྲི་ཞིམ་ཁུག་མ་ཆུང་ཆུང་སྣ་ཚོགས་འདོན་པ་དང་། དྲྭ་ཐོག་ཐད་གཏོང་ནས་ཚོང་ལས་གཉེར་བཞིན་ཡོད་པས། ཚང་མས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད།

     ད་ཆ“དྲི་ཞིམ་ཁུག་མ”དེ་ང་ཚོ་ཕྱུག་པོར་ཆགས་པའི“གསེར་གྱི་ཁུག་མ”ལྟ་བུར་གྱུར་ཡོད། ང་ཚོའི་གྲོང་ཚོ་དང་ཉེ་འཁོར་གྲོང་ཚོའི་གྲོང་མི300ལྷག་ཙམ་གྱིས་དྲི་ཞིམ་ཁུག་མ་བཟོ་བའི་ལས་ལ་གཞོལ་ཞིང་། ན་ནིང་མ་ཀྲོང་དྲི་ཞིམ་ཁུག་མའི་ཡོང་སྒོ་སྒོར་ཁྲི800ལྷག་ཙམ་ཟིན་ཡོད་པ་རེད།

     ང་ཚོས“ཞུས་ཀྲོའུ་དྲི་ཞིམ་ཁུག་མའི”སྤུས་རྟགས་མུ་མཐུད་སྲུང་སྐྱོང་ཡག་པོ་བྱས་ནས་དྲི་ཞིམ་ཁུག་མའི་དྲི་ཞིམ་ལེ་དབར་ཁྲི་ཡི་སར་ཁྱབ་པར་བྱས་ནས་ཚང་མ་དང་མཉམ་དུ་ལག་གཉིས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་ཞེས་བཤད་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་གཉེར་བ་དང་། ལི་ཁེ་ཆང་གིས་ལྟ་སྐུལ་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།