ནོར་བུས་བསྒྱུར། 2022-07-05
ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་བཅས་ཀྱིས་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་བཞི་པའི་རྒྱ་ཡིག་དང་དབྱིན་ཡིག་པར་གཞི་ཚེས3ཉིན་ཞང་ཀང་དུ་འགྲེམས་སྤེལ་བྱས་པ་རེད།
ཉིན་དེར་ཞང་ཀང་ཐུང་ལུའོ་ཝན་དུ་ཡོད་པའི་ཚོང་དོན་དཔེ་སྐྲུན་ཁང་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་བཞི་པ་དཔེ་ཚོང་ཁང་གི་ཤེལ་སྒྲོམ་ནང་བཤམས་ཡོད་པ་དང་། ཐོག་རྩེག་དང་པོའི“ཚོང་དཔོན་འོས་སྦྱོར”གྱི་ལེ་ཚན་གཅིག་ནང་དཔེ་དེབ་དེའང་དཀྱིལ་གྱི་མངོན་གསལ་དོད་སར་བཞག་ཡོད་པ་གསར་འགོད་པའི་མིག་ལམ་དུ་མངོན་བྱུང་།དཔེ་ཚོང་ཁང་གི་ཐོག་རྩེག་གཉིས་པའི་མི་ཆོས་རིག་གནས་ཁང་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་རབ་དང་རིམ་པ་དཔེ་སྒྲོམ་ཐོག་གྲལ་འགྲིག་པོའི་ངང་བཞག་པ་དང་།གསར་དུ་པར་སྐྲུན་བྱས་པའི་དེབ་བཞི་པ་ཕུད། དེའི་སྔོན་དུ་པར་སྐྲུན་བྱས་པའི་དེབ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱང་གྲལ་འགྲིག་པོར་བཞག་འདུག། གཞན་ད་དུང《ཀྲི་ཅང་གི་གཏམ་གསར》དང《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག་སྐོར་གླེང་བ》སོགས་ཀྱི་དཔེ་དེབ་ཀློག་པ་པོས་འདེམས་ཉོ་བྱ་རྒྱུར་མཁོ་འདོན་བྱས་དང་བྱེད་བཞིན་འདུག།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་དང་པོ་ནས་གསུམ་པའི་བར་པར་སྐྲུན་བྱས་ཚུན། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་།མི་དམངས་ཀྱི་འབད་འཐབ་ལག་ལེན་སྐུལ་སློང་།ཀྲུང་གོའི་སྣང་བརྙན་བཟང་པོ་མཚོན་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་བཞི་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2020ལོའི་སྤྱི་ཟླ2པའི་ཚེས3ཉིན་ནས2022ལོའི་སྤྱི་ཟླ5པའི་ཚེས10ཉིན་བར་གྱི་གསུང་བཤད་དང་། གླེང་མོལ། གཏམ་བཤད། ཤིས་ཚིག།མཛུབ་སྟོན།རྟེན་འབྲེལ་ཞུ་ཡིག་སོགས109བསྡུས་ཡོད་ཅིང་། ཆེད་དོན་ཁག21ལ་བགོས་ཡོད། ཀློག་པ་པོས་ལྟ་ཀློག་བྱེད་བདེ་བའི་ཆེད་དུ་རྩོམ་སྒྲིག་བྱེད་སྐབས་དགོས་ངེས་ཀྱི་མཆན་འགྲེལ་བཀོད་འདུག། དེབ་དེའི་ནང་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2020ལོའི་སྤྱི་ཟླ་དང་པོ་ཚུན་གྱི་པར་རིས45བསྡུས་ཡོད་པ་རེད།
ཞི་བདེ་དཔེ་དེབ་ཚད་ཡོད་སྤྱི་གཉེར་ཁང་གི་རྒྱུན་ལས་སྤྱི་འདོམས་གཞོན་པ་ལི་ཞའོ་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་བཞི་པའི་རྒྱ་ཡིག་དང་དབྱིན་ཡིག་དཔར་མ་སྙོམས་སྒྲིག་པར་གཞི་དང་སྤུས་ལེགས་པར་གཞི་གཉིས་སུ་དབྱེ་བ་དང་། ཐུང་ལུའོ་ཝན་དང་། ཀྲུང་ཧོན། ཡིའུ་མ་བཅས་སུ་ཡོད་པའི་དཔེ་ཚོང་ཁང་གསུམ་བདམས་ནས་འགྲེམས་སྤེལ་བྱས་རྗེས། ཞང་ཀང་གི་དཔེ་ཚོང་ཁང་ཆེ་གྲས་ཁག་ཏུ་ཁྱབ་གདལ་དང་ཕྱིར་ཚོང་བྱ་རྒྱུ་རེད། འཚོག་ཉེར་ཡོད་པའི་ཞང་ཀང་གི་དཔེ་དེབ་འགྲེམས་སྟོན་ཐོག་དཔེ་དེབ་དེ་གཙོ་གནད་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10