ཞོགས་པ་སྔ་མོ།

བློ་བཟང་ཟླ་བ།        2022-07-04

ཞོགས་པ་སྔ་མོར།

སྒོ་ལྔའི་ཤེས་པ་ངལ་དུབ་ཀྱི་གཉིད་ལས་སད་དེ།

སེམས་ཀྱི་ཁྲ་ཡོལ་དེ་ཡར་ལ་ཕྱེས་མ་ཐག།

རྣ་དབང་གྲོ་གའི་འཛེར་བུ་གཅུས་པ་འདྲ་བའི་ནང་ལ།

ཉལ་ཁང་གི་ཕྱི་ལོགས་ནས།

འདབ་ཆགས་བྱིའུའི་གསུང་སྐད་ཐོག་མར་ཚོར།

སྐད་གདངས་མཐོ་བ་དང་དམའ་བ།

ཕྲ་བ་དང་སྦོམ་པོ།

སྙན་པ་དང་མི་སྙན་པ།

རྒྱང་རིང་དང་ཉེ་འགྲམ་བ་དེ་རྣམས།

མ་གྲོས་རང་འགྲིག་གི་ངང་ནས།

ཉིན་གཅིག་གི་དུས་ཚོད་དང་པོ་འདི་ལ།

བཀྲ་ཤིས་རྟེན་འབྲེལ་གྱི་ཚུལ་དུ།

འཛམ་གླིང་འདིར་ཞོགས་པ་བདེ་ལེགས་ཞུ་བའི།

བྱ་བརྒྱ་མགྲིན་གཅིག་གི་མཉམ་ལེན་

ཆེན་མོ་ཞིག་དང་འདྲ།

གསུང་སྐད་དེ་ཚོ་གཅིག་བྱེད་དུས་བོད་

སྐད་ཡིན་སྣང་འཆར།

གཅིག་བྱེད་དུས་རྒྱ་སྐད་ཡིན་སྣང་འཆར།

ཡང་གཅིག་བྱེད་དུས་དབྱིན་སྐད་ཡང་ཡིན་པ་འདྲའོ།

གང་ལྟར་ཁོ་ཚོའི་ནང་ལའང་སྐད་རིགས་དེ་ཚོ་ཤེས་

མཁན་ཡང་ཡོད་ན་ཐང་།ཧ་ཧ་ཧ།

འཛམ་གླིང་འདི་ལ་མཚོན་ན།

ཉིན་གཅིག་གི་གསོན་སྒྲ་དང་པོ་དེའང་ཡིན་པར་ངེས།

ཕྱོགས་གཞན་ཞིག་ནས་བསམས་ན།

གསུང་སྐད་དེ་ཚོ་ནི།

འཇིག་རྟེན་པ་ཚོར་ཞོགས་སྔ་ལང་གི་

སྐུལ་བརྡ་ཞིག་ཀྱང་ཡིན་ལོས་ཆོག།

ཉལ་ཁྲི་སྟེང་ནས་ཡུན་ཙམ་ཉན་དུས།

ལྷིང་འཇགས་སོས་དལ་གྱི་ཚོར་སྣང་

ཞིག་དབང་མེད་སྟེར།

སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

གལ་ཏེ་ཁྱོད་ཚོའི་གསུང་སྐད་མེད་ན།

འཛམ་གླིང་འདི་ལ་གསོན་ཉམས་དང་།

གསོན་ཤུགས་སོགས་གང་ཡང་ཡོད་མི་སྲིད།

ཧ་ཅང་ཡིད་སྐྱོ་ཞིང་ཡ་ང་བའི་གནས་

ཤིག་ཡིན་པ་ཐག་གིས་ཆོད།

དེ་ལྟ་བས་ན།

རང་ཚོ་ཕན་ཚུན་བར་ལ།

གྲོགས་པོ་བཟང་པོའི་འདུ་ཤེས་བཅང་དགོས།

མ་མཐའ་ཡང་དགྲར་འཛིན་གྱི་འདུ་ཤེས་སྤངས་ཏེ།

མཛའ་མཐུན་མཉམ་གནས་བྱ་རྒྱུ་དེ་ཧ་ཅང་གལ་ཆེའོ།།



  • ལེ་ཚན་སྔོན་མ།:བུ་མོ།
  • ལེ་ཚན་རྗེས་མ།:སྙན་ངག་གི་གཟར་བུ།