དུས་བཞི།

སྦྲུལ་ཞགས།        2022-06-29

          དཔྱིད།

བསིལ་ལྡན་རི་བོ་ལ་ལྗང་མདོག་སྣུམ་ཚོན་བྱུག །

ཤར་རི་སྨུག་པོ་ལ་གཡུ་ལོའི་སྐ་རགས་བཅིངས།།

རི་སྐྱེས་རི་དྭགས་ཚོའི་ཆུ་མིག་གཡས་འགྲམ་ནས།།

སྣང་བ་སྣ་རྩེ་ནས་དབུགས་ཞགས་འཕེན་སྒང་རེད།།

སྲོག་ལྡན་སྐྱེ་འགྲོ་ཚོའི་བསིལ་རླུང་འཇམ་པོ་དང་།།

གངས་ཆར་འདྲེས་མའི་ནང་ངོ་གདོང་འཇམ་པོ་ངོམ།།

རེག་ཚོར་བདེ་དགའ་ཡིས་སྣང་བའི་ཞིང་ཁམས་སུ།།

དཔྱིད་ཀྱི་དཔལ་ཡོན་ལ་ལོངས་སུ་སྤྱོད་སྒང་རེད།།

           དབྱར།

སྤྲིན་གྱི་མེ་ཏོག་ལ་ལན་ཆུང་ཚིགས་དྲེག་འཐག །

དགའ་བདེའི་དཔལ་ཡོན་གྱི་ཕྱི་ནང་གཏེར་ཁ་བསྐྱིལ།།

ཕུན་ཚོགས་ཟས་རིགས་ཀྱི་སྡེར་ཁ་སྒྲིག་བཞིན་དུ།།

དགོས་འདོད་དབྱར་ལྗོངས་ལ་ལྟད་མོ་ལྟ་སྒང་རེད།།

མཐའ་མེད་རྩྭ་ཐང་དུ་མཛའ་བས་ལག་འཇུས་ཤིང་།།

རྩྭ་རྩེའི་ཟིལ་བ་སྟེང་ལྗགས་རྩེས་བྱིལ་བྱིལ་གནང་།།

རབ་མཛེས་ཆུ་སྐྱེས་ཀྱི་དྲི་བསུང་འཐུལ་སའི་ངོགས།།

རང་སྣང་མཐོན་པོའི་ངང་གཞས་ཆུང་ལེན་སྒང་རེད།།

           སྟོན།

ངོ་མདོག་སེར་པོ་རུ་གྱུར་པའི་འཛིན་མའི་ཁྱིམ།།

འབྲུ་དྲུག་ཕོན་པོ་ཡིས་མིག་བརྡ་ལྷབ་ལྷུབ་གཡོ།།

ལོ་ཡག་སྙེ་མ་ཡིས་མགོ་ལྕོགས་ལྡེམ་ལྡེམ་ངང་།།

ཞིང་ས་སྣུམ་པོ་ལ་ཟུངས་ཁྲག་རྒྱས་སྒང་རེད།།

ནོར་འཛིན་སྒེག་མོ་ཡིས་གསེར་གྱི་ཅོད་པན་བཏགས།།

དཀའ་བཟློག་བླ་མ་ཡིས་དར་དཀར་ལ་ཐོད་དཀྲིས།།

དུ་རླངས་འཁྲིགས་པ་ཡི་མཁར་རྫོང་སེར་པོའི་ནང་།།

ལོ་འདབ་རལ་བོ་སྟེང་མདའ་རྩལ་འགྲན་སྒང་རེད།།

           དགུན།

བརྗིད་ཆགས་རི་བོ་དང་ས་འཛིན་དཀར་པོ་གཉིས།།

མཛའ་གཅུགས་ཟུང་འབྲེལ་གྱི་དངུལ་གྱི་ཁྲབ་རྨོག་གསོལ།།

བྱང་ཐང་སྐྱ་མོ་ནས་ཕེབས་པའི་འབྲོང་ཁྱུ་དག །

རྩྭ་སྐྱ་ཆུ་འཁྱག་གི་མཚམས་ནས་ཧད་སྒང་རེད།།

རླུང་ཆེན་གཡུག་ལམ་ནས་གྲང་འབྲས་སྤུ་ལོང་ལ།།

མ་དགའི་རྣམ་འགྱུར་གྱི་ཨམ་གཙིགས་བསྡམས་ཞོར་དུ།།

རས་ཐུམ་དམར་པོ་ཡིས་གསོས་པའི་བྱིན་རླབས་དང་།།

ཐབ་འགྲམ་མེ་རླབས་ཀྱིས་བཀའ་དྲིན་ཚོར་སྒང་རེད།།



  • ལེ་ཚན་སྔོན་མ།:བོད་ཡུལ་གྱི་དཔྱིད་དཔལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།