ངག་ལས་རྡོལ་བའི་འབེལ་གཏམ།

ཉི་མ།        2022-06-22

ཕྱོགས་རེས་འཁྱོག་ཚིག་སྤངས་པའི་སྟོད་སྨད་གླུ།།

བསྐལ་བའི་ཡུལ་ནས་ཐོས་ཀྱང་ཀུན་ལ་སྙན།།

ངན་པ་བླངས་ལ་བཟང་པོ་སྦོས་པའི་གླུར།།

རོལ་མོ་བརྒྱ་ཡིས་འདེགས་ཀྱང་རྣ་བར་རྩུབ།།

མིག་གིས་མཐོང་བའི་བྱ་བར་འཁྲུལ་གྱུར་ན།།

རྣ་བས་ཐོས་ཙམ་གཏམ་ལ་སྨོས་ཅི་དགོས།།

ཡིད་ཆེས་བདེན་པར་ཐུབ་པའི་གཏམ་འདོད་ན།།

མིག་དང་རྣ་བས་དངོས་སུ་ཚོར་བར་བསྟུན།།

ནམ་རྒྱུན་སྔར་སྲོལ་རྐང་བཞིན་འཛུགས་དགོས་ན།།

བྱིས་པའི་གོག་འགྲོས་ཡང་བསྐྱར་ཅིས་མི་བཟློས།།

རྙིང་ཞེན་སེ་འུ་བརྗེས་མེད་འཚལ་དགོས་ན།།

ཨ་མའི་ནུ་ཞོ་འཐུང་ལུགས་ཅིས་མི་བསྐྱང་།།

དམ་པའི་གསུང་ལའང་གསེར་བཞིན་སྦྱང་དགོས་ན།།

ཕལ་བའི་ངག་ལ་སྨོས་པ་ཅི་ཞིག་དགོས།།

འཁྲུལ་བྲལ་རིགས་ལམ་བླུན་པོའང་མཆིས་སྲིད་ན།།

མཁས་པའི་བློ་གྲོས་རྒྱས་ལ་སྨོས་ཅི་དགོས།།

སྐྱོན་ཡོན་འབྱེད་པའི་ལེགས་བཤད།

གཞན་ལ་ཕན་སེམས་ཙན་དན་སྡོང་པོ་དེ།།

རིན་ཆེན་ནོར་བུ་བརྒྱ་ལས་གཅེས་པར་མཐོང་།།

གཞན་ལ་གནོད་སེམས་ཚེར་མའི་སྡོང་པོ་དེ།།

ཧ་ལམ་དུག་ལས་སྡིག་པ་ཀུན་གྱིས་གླེང་།།

ཕན་པའི་བྱ་བ་ཡུངས་དཀར་ཙམ་ཞིག་དང་།།

གནོད་པའི་ལས་ནི་རི་བོའི་གཏོས་འགྱུར་ཕྱིར།།

རང་གཞན་གཉིས་ལ་ཕན་གནོད་བྱ་བ་ནི།།

བླང་དོར་འདྲ་མཉམ་བྱས་ན་མཁས་པའི་ཕུལ།།

རང་ལ་མི་མཁོ་དངོས་པོ་གཅིག་ཀྱང་མེད།།

འཛམ་གླིང་རུམ་དུ་བསྡུས་ཀྱང་ད་དུང་མཁོ།།

འདོད་ཧམ་ཚད་ལ་འཇལ་བའི་མཐའ་མེད་པས།།

དེས་ན་འདོད་པ་ཆུང་ལ་བརྩོན་པར་གྱིས།།

རང་གི་བ་སྤུ་ཙམ་ལའང་བརྩེ་ཆེ་བའི།།

བདག་འཛིན་བྱེད་ལ་བརྩོན་པས་སྒྲུབ་མོད་ཀྱང་།།

རང་དང་གཞན་གྱི་བསམ་པའི་ཕྱི་ནང་ནི།།

མཚུངས་པར་འགྱུར་ཕྱིར་རང་དཔེ་གཞན་ལའང་ལོངས།།

རང་དང་འདྲ་བ་གཞན་ལ་བསྒོམས་གྱུར་ན།།

བྱང་ཆུབ་སེམས་ཞེས་དད་པས་བཀུར་བར་འོས།།

རང་གཞན་གཉིས་ལ་ཁྱད་པར་བཏང་གྱུར་ན།།

ལྷ་ཡིས་གསུངས་ཀྱང་ཡིད་ཆེས་ཡོད་མ་ཡིན།།

རང་གཞན་ཀུན་ལ་གནོད་མེད་བྱ་བའི་གཞིར།།

བརྩོན་ལ་འཇུག་པ་སྐྱེས་བུ་དམ་པ་སྟེ།།

རང་ལ་ཕན་ཆེད་གཞན་ལ་གནོད་བསྐྱལ་བའི།།

ལས་དེ་སྒྲུབ་པའི་ལྷ་ཡང་མ་བརྟེན་སྤོངས།།

གཞན་ལ་ཕན་ཆེད་རང་གིས་བརྩོན་པ་དང་།།

རང་ལ་ཕན་ཆེད་གཞན་གྱིས་བསྒྲུབས་པ་ན།།

ཟག་བཅས་སྡུག་བསྔལ་བསྡུས་པའི་འདུ་ཕུང་འདིའང་།།

འཚེ་མེད་བདེ་ལྡན་ཞིང་དུ་སྐྱེས་དང་མཚུངས།།

བསོད་རྐུ་རྫུན་གྱི་སྦྱོར་བའི་འཕྲུལ་འཁོར་དེ།།

རང་འདོད་ཅན་ལ་ལུས་དང་གྲིབ་བཞིན་འགྲོགས།།

རང་འདོད་གདུག་རྩུབ་ཆོས་དང་མ་འབྲངས་པའི།།

སྐྱེས་བུ་དེ་ནི་ཀུན་གྱིས་གྲོགས་སུ་མཐོང་།།

ལུས་ཀྱི་ཕྱི་ནི་གངས་རི་ལས་ཀྱང་དཀར།།

ནང་གི་སེམས་ནི་ཁྭ་ཏའི་ལུས་ལས་གནག།

རང་སེམས་གྱོང་པོ་ཕྱོགས་ཙམ་འདུལ་མེད་པའི།།

སྐྱེ་བོ་རིགས་ལ་ནམ་ཡང་མ་འགྲོགས་ཤིག།།།


  • ལེ་ཚན་སྔོན་མ།:ཞེ་འདང་གི་དབྱངས།
  • ལེ་ཚན་རྗེས་མ།:སྐྱོ་གཞས།