རྟེན་འབྱུང་སྒྱུ་མའི་མགྲིན་གླུ།

ཁམས་པ་རབ་དབྱངས།        2022-06-17

སྤྲིན་དཀར་ཕང་ཕུང་གཡོ་བའི་རྗེས། །

ཉམས་དགའི་དབེན་པའི་རི་སུལ་ནས། །

ངོ་མཚར་འཕྲུལ་བའི་ཟླ་གཞོན་གྱིས། །

རྟེན་འབྱུང་རིགས་པའི་སྣང་བ་འཁྱིལ། །

ཉམས་རྟོག་མེ་དྲོད་མགུར་ལ་བླང་། །

ངོ་མཚར་སྒྱུ་མའི་སྣང་བརྙན་འདི། །

གཟུངས་འཛིན་སྣང་བའི་ཞེན་པ་རུལ། །

ཞི་བ་དབེན་པའི་རི་སུལ་འགྲིམས། །

འཁོར་འདས་གཉིས་ཀྱི་ས་མཚམས་ནས། །

ཆོས་ཉིད་རིག་པའི་དབྱིངས་སུ་ཤར། །

རྒྱུ་འབྲས་ལམ་གྱི་འབབ་སྟེགས་ནས། །

རིག་འཛིན་མཆོད་པའི་བརྡ་གླུ་གསན། །

དབྱངས་ཀྱི་ངག་གི་ས་ཆེན་གཤེགས། །

གཉུག་མའི་ཚིག་གི་ལྷོད་ཆ་དཀྲོལ། །

དོན་དམ་དབུས་ཀྱི་ལམ་སར་རྙེད། །

འདི་ནི་རིགས་སྨྲའི་དཔྱོད་པའི་དཔལ། །

དོན་དམ་དབུ་མའི་སྒྲ་དབྱངས་ཀྱིས། །

ཀུན་རྟོག་སྣང་བའི་འཆར་སྒོ་བཀག། །

ཀུན་རྫོབ་སྒྱུ་མའི་གླུ་དབྱངས་ཀྱིས། །

སྤྲོས་པའི་ཞེ་འཛིན་རབ་ཏུ་བཅིངས་། །

ཐུན་མཚམས་སྒྱུ་མའི་ངལ་གསོ་ནས། །

ཚོར་ཤེས་རླུང་བུ་ཡར་ལ་ལྡང་། །

མགྲིན་པའི་རྩ་མདུད་གྲོལ་བ་ན། །

འདུ་འབྲལ་འཁོར་བའི་ས་ན་ལྡོག །

དགེ་ལེགས་ཉི་མའི་འཆར་ཡན་གྱིས། །

དགྱེས་འཛུམ་པད་མའི་ཞལ་སྒོ་ཕྱེས། །

མངོན་དགའི་ལྷ་ཡི་ཁང་བཟང་དུ། །

བསམ་གཏན་ཞི་བའི་ལམ་སར་བསྙེགས། །

སྒྱུ་འཕྲུལ་དྲ་བའི་མེ་ལོང་ངོས། །

བརྩེ་ཆེན་མེ་ཏོག་མཆོད་པའི་གཉེན། །

གདོད་མའི་རྒྱལ་ས་འདི་དག་ནས། །

བདེན་གསུང་ཚངས་པའི་ང་རོ་མཆེད། །

དགོངས་པའི་སྣང་བ་རྩལ་དུ་རྫོགས། །

སྙིང་རྗེའི་འོད་ཀྱི་གཟི་བྱིན་འབར། །

བསྐྱེད་རྫོགས་ཉམས་སུ་བླང་བ་ན། །

སྐུ་གསུམ་དག་པའི་འབྱམས་སུ་ཀླས། །

ཐུགས་ཀྱི་སྐྱེད་ཚལ་ཡངས་པོ་ནས། །

ཤེས་རབ་མེ་ཏོག་གྲོལ་བའི་ཞིང་། །

རྟོགས་བརྗོད་ངག་གི་འཁྲི་ཤིང་ལ། །

རྨད་བྱུང་ཚིག་གི་མཛེས་རྒྱན་སྤྲས། །



  • ལེ་ཚན་སྔོན་མ།:གཏམ་དྲང་སྲོང་ལྡེམ་དགོངས་མ།
  • ལེ་ཚན་རྗེས་མ།:ང་དང་སྙན་ངག་བར་གྱི་ལས་འབྲེལ།